རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་དགོན་པར་འཇང་དགུན་ཆོས་ཆེན་མོ་ཐེངས་ ༢༧ འཚོགས་པ་དང་མཁས་མང་བློ་གསལ་བྱེ་བའི་གླིང་གི་སྤྲུལ་པའི་གཙུག་ལག་ཁང་མདུན་ཐང་དུ་ཐེངས་འདིའི་ཉིན་མཐའ་མའི་མཚན་ཕུད་དམ་བཅའ་འཚོགས་བ།

2/12/2017 LosellingMonastery མཆན་ 0 སྡེ་ཚན་ :


















































༢༠༡༧ ཟླ་བ་ ༡ ཚེས་ ༢༢ ཉིན་ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་ཚད་མ་རྣམ་འགྲེལ་གྱི་འཇང་དགུན་ཆོས་ཆེན་མོ་ཐེངས་ ༢༧ པ་དབུ་འཛུགས་གནང་ཡོད་པ་དང་། དུས་ཡུན་ཉིན་གྲངས་ ༢༢ རིང་ཚོགས་གནང་གི་ཡོད་པ་རེད།
ཐེངས་འདིའིི་འཇང་དགུན་ཆོས་ནང་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་དང་བཀྲིས་ལྷུན་པོ། རྭ་སྟོད་གྲ་ཚང་།  དྷ་ས་ཁུལ་ནས་རྣམ་རྒྱལ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་།  རྫོང་དཀར་ཆོས་སྡེ་གྲྭ་ཚང་། རྒྱུད་སྨད་གྲྭ་ཚང་། དྭགས་པོ་བཤད་སྒྲུབ་གླིང་དགོན།  ས་ལུ་སྒར་སྲད་རྒྱུད་གྲྭ་ཚང་། བལ་ཡུལ་ནས་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དང་། གྲུབ་ཐོབ་དགོན་པ་སོགས་མཉམ་ཞུགས་གནང་ཡོད།
འཇང་དགུན་ཆོས་དེ་ནི་རྒྱ་གར་གྱི་དཔལ་ན་ལེནྡྲའི་སློབ་དཔོན་ཆེན་མོ་དཔལ་ལྡན་ཕྱོགས་ཀྱི་གླང་པོས་ཐུགས་སྨོན་གནང་བ་ལས་བྱུང་བའི་ངོ་མཚར་ཅན་གྱི་ལོ་རྒྱུས་ཡོད་པ་དང་། དེ་སྔ་བོད་དབུས་ལྷ་ས་ཉེ་ཁུལ་རྭ་སྟོད་གྲྭ་ཚང་དང་ཆེས་ཉེ་བའི་འཇང་ཞེས་པའི་ས་གནས་སུ་ལོ་ལྟར་ཚོགས་སྲོལ་ཡོད་པ་ཞིག་ཡིན་པ་རེད།
བོད་ལ་དུས་འགྱུར་བྱུང་རྗེས་བཙན་བྱོལ་ནང་ཕྱི་ལོ་ ༡༩༨༠ ནང་སླར་ཡང་མགོ་འཛུགས་ཀྱིས་ཚོགས་སྲོལ་གཏོད་པ་དང་ད་ལྟའི་ཆར་འཇང་དགུན་ཆོས་སྐབས་ ༢༧ བར་སླེབས་ཡོད་པ་དང་། དེའི་དགོས་དོན་གཙོ་བོ་ནི་སློབ་གཉེར་བའི་རིག་པ་དང་རྩོད་པ་གོང་འཕེལ་ཡོང་བར་ཆེད་དམིགས་གནང་བ་ཞིག་ཡིན། གདན་ས་འབྲས་སྤུངས་ལ་ཚད་མ་རྣམ་འབྲེལ་གྱི་འཇང་དགུན་ཆོས་ཚོགས་བཞིན་པ་དང་ཆབས་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་གདན་ས་དགའ་ལྡན་ལའང་དགེ་འདུན་པ་ ༥༠༠ ཙམ་ནས་དབུ་མ་དང་ཕར་ཕྱིན་ཐོག་རྩོད་པའི་ཆོས་ཐོག་ཆེན་མོ་ཞིག་གསར་དུ་འཚོགས་བཞིན་ཡོད་པ་རེད།

གཞི་རྩའི་ཚེས་ ༢༢ ཉིན་འཇང་དགུན་ཆོས་ཀྱི་ཆེས་ཐོག་མའི་སྐབས་གདན་ས་འབྲས་སྤུངས་ཀྱི་མཁན་པོ་རྣམ་པ་གཉིས་དང་ཁྲིམས་བདག་དགེ་བསྐོས་གཉིས་བཅས་ཀྱིས་སྒྲིག་ལམ་ཀུན་སྤྱོད་ཁྱེར་ཕྱོགས་སྐོར་ལམ་སྟོན་གནང་བ་དང་། འཇང་དགུན་ཆོས་ཐེངས་ ༢༦ དེ་སྔ་ལོ་གདན་ས་དགའ་ལྡན་དུ་ཚོགས་ཡོད་པ་དང་ལོ་རྗེས་མའི་དགུན་ཆོས་ཐེངས་ ༢༨ དེ་སེ་ར་ཐེག་ཆེན་གླིང་དུ་འཚོགས་གཏན་འཁེལ་ཡོད་པ་མ་ཟད། སྐབས་དེར་ཕར་ཕྱིན་དང་དབུ་མའི་ཆོས་ཐོག་ཆེན་མོ་ཡང་མུ་མཐུད་འཚོགས་རྒྱུ་རེད་འདུག ཚེས་ ༥ རེས་གཟའ་ཉི་མའི་དགོང་མོར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོ་འཚོགས་པ་དང་། དགའ་ལྡན་ཤར་རྩེ། སེར་སྨད། བློ་གླིང་བཅས་ལྷ་རམས་པ་མི་གསུམ་དམ་བཅའ་དང་། བྱང་རྩེ། སེར་བྱེས། སྒོ་མང་བཅས་ཀྱིས་རྟགས་བསལ་བགྲོ་གླེང་གནང་ཡོད། ཚེས་༡༢ རེས་གཟའ་ཉི་མའི་ཉིན་སླར་ཡང་དཔལ་ལྡན་མཁས་མང་བློ་གླིང་གྲྭ་ཚང་དུ་རྣམ་འགྲེལ་མཚན་ཕུད་ཕུད་དམ་བཅའ་ཆེན་མོ་འཚོགས་ཏེ་བྱང་རྩེ། སེར་བྱེས། སྒོ་མང་བཅས་ཀྱི་ལྷ་རམས་མི་གསུམ་དམ་བཅའ་དང་། དགའ་ལྡན་ཤར་རྩེ། སེར་སྨད། བློ་གླིང་བཅས་ཀྱི་རྩོད་གྲྭ་བ་རྣམས་ཀྱིས་རིམ་བཞིན་རྟགས་བསལ་གཏོང་གནང་བ་བཅས་བྱས་ཏེ་འཇང་དགུན་ཆོས་ཐེངས་ཐེངས་༢༧ པ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་བཅས། 

རྩོམ་ཡིག་གཞན།

མཆན་ 0