དཔལ་ལྡན་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ད་ལོའི་དགུན་ཆོས་ཆེན་མོའི་དམ་བཅའ་བོད་ཟླ་དགུ་པའི་ཚེས་༢༢ སྤྱི་ལོ་༢༠༡༦ ཟླ་བ་༡༡ པའི་ཚེས་༢༠ ནས་དབུ་གཙུག་གནང་ཡོད།

11/29/2016 LosellingMonastery མཆན་ 0 སྡེ་ཚན་ :
















༈ བོད་ཟླ་བཅུ་གཉིས་པའི་ཚེས་ཤར་ལ་དགུན་ཆོས་ཆེན་མོ་ཞེས་སྙན་པའི་གྲགས་པ་ཅན་དེ་ཚུགས་དགོས་ཤིང་། ལོ་དེའི་དགེ་བཤེས་ལྷ་རམས་པ་དང་ཚོགས་རམ་པ་རྣམས་ཀྱིས་དམ་བཅའ་འཇོག་དགོས། ད་ལོར་རྡོ་གདན་དུས་དབང་དང་དེ་ནས་འཇང་དགུན་ཆོས་ཚོགས་གཏན་འཁེལ་བ་སོགས་དུས་ཚོད་ཀྱི་རྐྱེན་པས་དགུན་ཆོས་ཆེན་མོའི་དམ་བཅའ་སྔར་སྣུར་གྱིས་བོད་ཟླ་དགུ་པའི་ཚེས་༢༢ སྤྱི་ཟླ་༡༡ ཚེས་༢༠ ༧རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་ཉིན་དགུན་ཆོས་ཆེན་མོའི་དགེ་བཤེས་དམ་བཅའ་ཚུགས་གནང་བ་དང་། དེ་ཡང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་རིགས་ཀྱི་ཅོད་པན་༧སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཆོས་འཕགས་མཆོག་གིས་༧ རྒྱལ་བ་ལྷ་ལས་བབ་པའི་དུས་བཟང་དང་བསྟུན་དགེ་བཤེས་གཏོང་སྒོ་ནམ་མཁའི་མཛོད་ལྟར་ཕྱེས་པ་དང་འབྲེལ་དགེ་བཤེས་དམ་འཇོག་བྱས་ཏེ་དགེ་བཤེས་མཚན་བཏགས་བཞེས་པ་དང་། དེ་ནས་རིམ་བཞིན་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ནས་ཉིན་གྲངས་བཅོ་ལྔ་ཙམ་གྱི་རིང་ཉིན་རེར་ཚོགས་ཐེངས་གསུམ་རེ་འཚོགས་ཡོད་ཅིང་། ཞོགས་ཚོགས་དང་པོར་དགེ་བཤེས་ལྷ་རམས་པ་རེ་དམ་འཇོག་དང་། དེ་ནས་ཚོགས་རམས་པ་བྱས་ནས་དམ་བཅའ་བཞག་ཡོད། རྟགས་གསལ་གཏོང་མཁན་ནི་ཉིན་དང་པོར་བླ་མ་གཞུང་ལེན་པས་བཀའ་པོད་ལྔའི་ས་བཅད་སྐྱོར་ཞིང་། དེ་ནས་མཛོད་ཕུན་ཚོགས་ཉེར་བཞིའི་སྐོར་རྟགས་གསལ་བཏང་། དེ་ནས་སྤྲུལ་སྐུ་རྣམ་པ་ཚོས་འཛིན་གྲྭ་མཐོ་དམན་གོ་རིམ་བཞིན་རྟགས་གསལ་གཏོང་གྲུབ་མཚམས། དཔེ་ཁྲིད་དགེ་རྒན་དང་། དགེ་བཤེས་རྣམ་པ། དགེ་ལུགས་རྒྱུགས་ཞུགས་པ་རྣམས་དང་། འཛིན་དང་པོ། མཛོད་འཛིན་གྲྭ་དང་། འདུལ་བ། དབུ་མ། ཕར་ཕྱིན་འཛིན་གྲྭ་སོགས་ཀྱིས་རྒན་གཞོན་གོ་རིམ་བཞིན་རྟགས་གསལ་བཏང་ཡོད། འདི་ལོར་དབྱར་ཆོས་སྐབས་སུ་དམ་བཅའ་འཇོག་པའི་དགེ་བཤེས་ཕུད་པས་ཚོགས་དབུས་སུ་སློབ་གཉེར་བ་བདུན་ཅུ་དོན་གཅིག་ཙམ་གྱིས་དགེ་བཤེས་ཀྱི་མཚན་གནས་བཞེས་ཡོད་པ་དང་། ལྷ་རམས་པ་བཅུ་དྲུག་དང་། དེའི་འཕྲོ་ཚོགས་རམས་པ་རྣམས་ཀྱིས་ཇ་ཐེངས་རེར་དམ་འཇོག་བྱས་ཡོད་ཅིང་། བོད་བཅུ་པའི་ཚེས ༧ ཉིན་གྱི་ཞོགས་པར་གྲྭ་ཚང་དུ་དགེ་བཤེས་དམ་བཅའ་མཇུག་ལེགས་པར་གྲུབ་ཅིང་། དཔལ་ལྡན་ཁྲིམས་བདག་དགེ་སྐོས་དགེ་བཤེས་ལྷ་རམས་པ་རྒན་དམ་ཆོས་རྒྱལ་མཚན་ལགས་ཀྱིས་ཚོགས་དབུས་སུ་འདུས་མང་སྤྱི་དང་། དམིགས་བསལ་འདི་ལོའི་དགེ་བཤེས་རྣམས་ལ་བཀའ་སློབ་གནང་བ་དང་།  དེ་བཞིན་དུ་ཕྱག་མཛོད་ཁྲི་པ་དགེ་བཤེས་ལྷ་རམས་པ་རྒན་ཡོན་ཏན་ཕུན་ཚོགས་ལགས་ཀྱིས་ཕྱག་མཛོད་ཀྱི་མཚན་ཐོག་ནས་འདི་ལོའི་དགེ་བཤེས་རྣམ་པ་ལ་དམིགས་བསལ་བཀའ་སློབ་དང་། རྟེན་འབྲེལ་དུ་མཎྜལ་རྟེན་དོད་དང་བཀྲ་ཤིས་དར་དཀར་སྒྲོན་པ་སོགས་གནང་ཡོད་ཅིང་། བོད་ཚེས ༨ ཉིན་གྱི་ཞོགས་པར་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་དུ་དགེ་བཤེས་ཚོགས་རམ་རྣམས་ལྷན་འཛོམས་ཐོག་དབུ་མཛད་ཀྱིས་དབུ་སྐུལ་བྱས་ཏེ་དཔལ་ལྡན་ཡོན་ཏན་མ་སོགས་དབྱངས་དང་བཅས་གསུང་བཟང་བ་རྣམས་ཀྱིས་འདོན་གྲུབ་རྗེས། དགེ་བཤེས་རྣམས་གཉིས་རེ་བྱས་ཏེ་རྒན་ཞོན་ལྟར་ཚིགས་བཀྲ་སྐྱོར་བ་དང་རྩོད་ལན་འབུལ་རེས་བྱས་ཏེ་གྲུབ་པ་དང་། བསྟན་འབར་མ་དབུ་སྐུལ་གྱིས་མཉམ་འདོན་གྱིས་བཀྲ་ཤིས་པའི་ཚིགས་བཟང་བཅས་གསུང་བ་དང་དགེ་བཤེས་ཀྱི་མཛད་སྒོ་ལེགས་པར་གྲུབ། དེ་ནས་རང་ཤག་ཏུ་དགེ་བཤེས་དམ་བཅའ་ལེགས་པར་གྲུབ་པའི་རྟེན་འབྲེལ་དགའ་སྟོན་དུ་ཆོས་གྲོགས་རྣམས་ཀྱིས་མཇལ་དར་འབུལ་བ་སོགས་བྱས་ཏེ་དེ་ཉིན་གྱི་མཛད་སྒོ་གྲོལ། བོད་ཚེས ༩ ཉིན་དགེ་བཤེས་རྣམ་པ་ཚོས་གྲྭ་ཚང་རིན་པོ་ཆེའི་ཁོངས་གཏོགས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧དགའ་ལྡན་ཁྲི་རིན་རིན་པོ་ཆེ་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་། ༧དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རི་རྫོང་སྲས་རྗེ་བཙུན་ཐུབ་བསྟན་ཉི་མ་མཆོག ༧རྒྱལ་བའི་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་གི་ཡང་སྤྲུལ་བསྟན་འཛིན་འཕྲིན་ལས་ཆོས་འཕགས་མཆོག  འབྲས་བློ་གླིང་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་སོགས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་ཞུས། རིམ་བཞིན་སོ་སོའི་དཔེ་ཁྲིད་དགེ་རྒན་རྣམས་ལ་ཐུགས་རྗེ་བཀའ་དྲིན་སླད་མཇལ་བཅར་གྱིས་མཇལ་དར་འབུལ་བཞེས་མཛད་པ་སོགས་རབ་གནས་མེ་སྤྲེལ་ལོའི་དཔལ་ལྡན་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་དགུན་ཆོས་དགེ་བཤེས་དམ་བཅའ་ཆེན་མོ་མཇུག་ལེགས་པར་གྲུབ་པ་བཅས་སོ།།


རྩོམ་ཡིག་གཞན།

མཆན་ 0