འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭའི་ངོས་ནས་གངས་སུལ་གྱི་རོལ་དབྱངས་ཞེས་པའི་དུས་དེབ་འདི་བཏོན་ནས་བགྲང་བྱ་ཉི་ཤུ་འཁོར་བའི་རྟེན་འབྲེལ་མཛད་སྒོར།

9/25/2016 LosellingMonastery མཆན་ 0 སྡེ་ཚན་ :




 ་་







































བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཕྱི་ལོ་ ༢༠༡༦ ཟླ་བ ༠༩ ཚེས་ ༢༥ ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭའི་ངོས་ནས་གངས་སུལ་གྱི་རོལ་དབྱངས་ཞེས་པའི་དུས་དེབ་འདི་བཏོན་ནས་བགྲང་བྱ་ཉི་ཤུ་འཁོར་བའི་རྟེན་འབྲེལ་མཛད་སྒོར་བློ་གླིང་མཁན་རིན་པོ་ཆེ་མཆོག་གིས་དབུས་སྡེ་ཚན་ཁག་གི་འགན་འཛིན་དང་། དམིགས་བསལ་མོན་གྷོ་གཞིས་གྲོང་གསུམ་པའི་གཏན་སློབ་དང་། གཞིས་གྲང་དྲུག་པའི་སམ་བྷོ་ཊའི་སློབ་གྲྭ་གཉིས་ནང་བློ་གླིང་གྲྭ་ཚང་གི་ངོས་ནས་ལྟ་གྲུབ་སློབ་དཔོན་ཆེད་གཏོང་གིས་སློབ་ཕྲུག་ཚོར་རིགས་ལམ་སློབ་ཁྲིད་གནང་དུས་ཡུན་རིང་པོ་འགྲོ་དང་འགྲོ་མུས་ལ་སློབ་གྲྭ་ཁག་གཉིས་པའི་སློབ་ཕྲུག་ཚོ་དང་། བློ་གླིང་གྲྭ་ཚང་གི་སློབ་ཕྲུག་དབར་རིགས་ལམ་རྩོད་པ་དང་། བརྗོད་གཞི་སྣ་མང་ཐོག་རྩོམ་ཡིག་སྒྲོག་སྦྱངས་དང་སློབ་ཕྲུག་དམངས་ནས་དྲི་བ་དྲི་ལན་བྱས་པ་བཅས་ཀྱི་གནས་བསྡུས་སུ།


དང་པོ།
༸གོང་ས་མཆོག་གིས་ཆོས་ཚན་བཟུང་དུ་སྦྱར་བའི་དགོས་པ།
དང་པོ༽ ཆོས་ཚན་དབར་གྱི་བགྲོ་གླེང་ཐོག་མར་ཇི་ལྟར་བྱུང་ཚུལ།
ཐོག་མར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ནུབ་ཕྱོགས་པའི་ཚན་རིག་གི་ཁོངས་སུ་གཏོགས་པའི་ཀླད་པ་དང་དབང་རྩ་རིག་པའི་རྣམ་གཞག་རྣམས་དང་བགྲོ་གླེང་གི་ལམ་ནས་ཕན་ཚུན་བསམ་བློའི་གོ་རྟོགས་སྤེལ་རེས་གཏོང་དགོས་པའི་བསམ་ཚུལ་བྱུང་བ་བཞིན་ཕྱི་ལོ་༡༩༨༣ལོར་བྱང་ཨ་མི་རི་ཀའི་ཚོང་པ། ཨར། ཨེ་ཌམཨེ་གལ་(R. Adam Engle) དང་དབང་རྩའི་ཚན་རིག་པ་མཁས་དབང་སྐུ་གཤེགས། ཕེརན་སིས་ཀོ་ ཝ་རི་ལ། (Dr Francisco Varela)རྣམ་གཉིས་མཉམ་རུབ་ཐོག་༸གོང་ས་མཆོག་དང་ནུབ་ཕྱོགས་པའི་ཚན་རིག་དབར་ལ་ཕན་ཚུན་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་ཐོག་མར་དབུ་འཛུགས་ཞུས་པ་དང་། དེ་ནས་རིམ་བཞིན་ཚན་རིག་པ་དང་ཐུག་འཕྲད་ཀྱིས་བསམ་ཚུལ་བརྗེ་ལེན་དབུ་འཛུགས་པ་ཡིན་ནོ།།
གཉིས་པ།༽ ཆོས་ཚན་དབར་གྱི་བགྲོ་གླེང་གི་གལ་ཆེའི་རང་བཞིན།
དེ་ཡང་འགྲོ་བ་མི་རྣམས་དུས་རྟག་ཏུ་ཉོན་མོངས་དུག་གསུམ་དང་གཞན་དབང་སྟབས་བསྟུན་ཁོ་ནའི་ནང་དུ་འཚོ་བས། རྫུན་དང་གཡོ་སྒྱུ་སོགས་ལ་གོམས་འདྲིས་ཆེ་བར་བརྟེན་རྟོག་པའི་འཆར་སྣང་དང་ཟེར་ལོ་ཐོས་ལོའི་རྗེས་སུ་འབྲངས་བ་ལས་དངོས་པོའི་གནས་ལུགས་གང་ཡིན་ལ་འཚོལ་ཞིབ་བྱེད་པ་དང་། བདེན་པ་ལ་ཚད་མཐོའི་གདེང་འཇོག་བྱེད་པ་སོགས་ཤིན་ཏུ་ནས་དཀོན། དེ་བས་རིག་གཞུང་ཐ་དད་པ་གཉིས་ལ་བགྲོ་གླེང་བྱེད་པ་ནི་དཀའ་རྙོག་ཆེ་ལ་མིའི་བློ་ཡུལ་ལས་འདས་པའི་གནད་དོན་ཞིག་ཡིན། སེམས་དང་ཚེ་སྲོག་ཚོགས་པས་སྣེ་ཁྲིད་འོག་ཚན་རིག་པ་དང་ནང་ཆོས་ཉམས་ལེན་པ་མཉམ་རུབ་བྱས་ཏེ་སྒོམ་ཉམས་ལེན་གྱིས་ལུས་ཁམས་ལ་ནུས་པ་ཅི་ཞིག་འདོན་ཐུབ་མིན་ཐད་ལ་ཞིབ་འཇུག་དང་ཞིབ་འཇུག་གི་ལས་དོན་དེ་དག་ལ་སྒོམ་སྒྲུབ་ཀྱི་དབང་རྩའི་ཚན་རིག་དང་། སྒོམ་སྒྲུབ་ཀྱི་སྨན་དཔྱད་ཚན་རིག། སྒོམ་སྒྲུབ་ཀྱི་ཞིབ་འཇུག་བཅས་ཀྱི་མིང་བཏགས་ནས་ལས་རིམ་འདྲ་མིན་གཉེར་བས་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་།
གསུམ་པ།༽ བགྲོ་གླེང་གི་དམིགས་ཡུལ།
སྤྱིར་ཆོས་ཚན་དབར་གྱི་བགྲོ་གླེང་ལ་མཐུན་མོང་གི་དམིགས་ཡུལ་མང་དག་ཅིག་ཡོད་ཀྱང་མདོར་བསྡུས་ན་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་རྒྱུ་དེ་ཡིན། དེ་ཡང་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་སྙིང་རྗེ་གོང་འཕེལ་གཏོང་བར་ངེས་པར་དུ་སངས་རྒྱས་ཆོས་གཞུང་ནས་བཤད་པའི་ཟབ་མོ་སྟོང་པ་ཉིད་སོགས་དགོས་གལ་དེ་ཙམ་མ་མཆིས། འོ་ན་གོང་སྤེལ་ཇི་ལྟར་གཏོང་ཚུལ་དང་། ཕྱི་དངོས་པོའི་གནས་ཚུལ་རྣམས་འཚོལ་བའི་ཐབས་ལམ་གང་འདྲ་ཞིག་ལ་བརྟེན་དགོས་ཤེ་ན། དེ་ནི་ནང་ཆོས་དང་ཚན་རིག་གི་རིག་པའི་གཞུང་ལ་བརྟེན་ནས་འཚོལ་དགོས་པ་ལས་ཐབས་གཞན་མེད། གང་ཡིན་ཞེ་ན་ནང་ཆོས་དང་ཚན་རིག་གཉིས་ཀྱིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་སྒྲུབ་ཐབས་ལ་ཞབས་འདེགས་ཞུ་རྒྱུའི་དམིགས་ཡུལ་གཅིག་མཚུངས་སུ་ཡོད་པ་མ་ཟད། ཚན་རིག་པ་ལ་ཕྱིའི་དངོས་པོ་གཟུགས་སྒྲ་ལ་སོགས་པའི་འཇིག་རྟེན་ཆགས་ཚུལ་ཐད་གཞན་ལ་བརྟེན་མི་དགོས་པའི་གོ་རྟོགས་ཟབ་མོ་ཞིག་རྙེད་ཅིང་། དེ་དང་ཕྱོགས་མཚུངས་སུ་ནང་པའི་ནང་སེམས་ཀྱི་འཇིག་རྟེན་དང་མྱོང་ཚོར་དེ་དག་ཉིན་རེའི་བློ་སྦྱོང་ལ་སྦྱོར་ཐབས་སོགས་ཀྱི་ཐད་ལ་དམིགས་བསལ་གྱི་གོ་རྟོགས་ཁྱད་པར་བ་ཞིག་རྙེད་ཡོད། དེར་བརྟེན། རིག་གཞུང་འདི་གཉིས་དབར་གྱི་བགྲོ་གླེང་དང་། མཉམ་ལས་ཀྱི་བྱ་གཞག་སོགས་སྤྱི་ཡོངས་ནས་གོང་འཕེལ་གཏོང་རྒྱུ་དང། ད་ལྟ་ལས་ཀྱང་གོ་རྟོགས་གསལ་ཞིང་གཏིང་ཚུགས་པ། བྱམས་པ་དང་སྙིང་རྗེས་ཁྱབ་པ། ཞི་བདེ་ཅན་གྱི་འཇིག་རྟེན་གསར་པ་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན།།
བཞི་པ།༽ ༸གོང་ས་མཆོག་གིས་ཚན་རིག་ལ་ལྟ་བ།
༸གོང་ས་མཆོག་ནི་སྐུ་ན་ཕྲ་བའི་དུས་ནས་ཚན་རིག་སོགས་གནད་དོན་གང་ཞིག་ཡིན་ཡང་འཚོལ་ཞིབ་ཀྱིས་ལམ་ནས་གཏན་འབེབས་གནང་མཁན་ཞིག་ཡིན། ཁོང་གི་སྐུ་ཚེའི་ནང་ཁོར་ཡུག་གི་ཉམས་ཉེས་དང། མི་རིགས་རིང་ལུགས། དབུལ་འཕོང་སོགས་ཀྱི་མཚོན་པའི་ཆོས་ལུགས་ཀྱི་རྨོངས་དད་དང། འཇིག་རྟེན་གྱི་དཀའ་རྙོག་དེ་དག་སེལ་ཆེད་རིག་གནས་ནང་འདྲེན་དང་སྤེལ་རེས། འདྲ་མཉམ་གྱི་ལམ་བཟང་སོགས་བརྒྱུད་ནས་ལོ་རབས་དྲུག་ཅུའི་མཇུག་ཙམ་ནས་རྒྱལ་སྤྱིའི་ནང་འགྲུལ་བཞུད་བྱེད་འགོ་བཙུགས་པ་མ་ཟད་འགྲིམ་འགྲུལ་དེ་དག་གི་སྐབས་སུ་འགྲོ་བ་མིའི་གཞི་རྩའི་ཁྱད་ཆོས་རྣམས་གལ་ཆེ་ཚུལ། ཆོས་ལུགས་ཕན་ཚུན་བར་ལ་མཐུན་འབྲེལ་དང་གོ་རྟོགས་སྤེལ་བ། དེ་དང་ཆབས་ཅིག་ཁོང་གི་དགའ་མོས་ཆེ་བའི་ནུབ་ཕྱོགས་པའི་ཚན་རིག་དང་ནང་པའི་སེམས་ཀྱི་རྣམ་གཞག་སྐོར་བགྲོ་གླེང་གནང་བ་ལ་བརྟེན་ནས་ནང་པའི་ཚན་རིག  ནང་པའི་ལྟ་གྲུབ། ནང་པའི་ཆོས་ཞེས་པའི་སྡེ་ཚན་གསུམ་དུ་ཕྱེ་གནང་མཛད་ཡོད།
མཐའ་དོན་དུ་༸གོང་ས་ཡིད་བཞིན་ནོར་བུ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་མགོན་པོ་གང་ཉིད་ཀྱི་ཐུགས་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཅིང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་བཀྲ་ཤིས་སྨོན་འདུན་ཤུགས་དྲག་དང་བཅས།།   བོད་རྒྱལ་ལོ།།

གཉིས་པ།

རྩོམ་ཡིག་དང་དུས་དེབ་ཀྱིས་སྤྱི་ཚོགས་སྣ་ཁྲིད་དང་བསྐུལ་འདེགས་ཇི་ལྟར་བྱས་ཡོད།
སྤྱིར་བརྗོད་གཞི་འདི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་པས། གནའ་དེང་གི་ཤེས་ཡོན་གྱི་གཤོག་ཟུང་བྲལ་བའི་ཕྲན་རང་ཉིད་ལྟ་བུས་བརྗོད་གཞི་འདིའི་ཐོག་ལ་གཏམ་བཤད་སྤེལ་རྒྱུ་ནི་མི་འོས་པའང་མི་འཚམ་པ་ཞིག་ཡིན་ཡང་། སྐལ་བཟང་གི་གོ་སྐབས་འདི་དང་བསྟུན་ནས་བདག་གི་བློ་ལ་གང་འཆར་བ་རྣམས་དོན་ཚན་གསུམ་གྱི་ཐོག་ནས་ཁྱོད་རྣམ་པའི་སྙན་ལམ་དུ་འབུལ་རྒྱུ་ཡིན།
དེ་ཡང་དོན་ཚན་དང་པོ་རྩོམ་ཡིག་དང་དུས་དེབ་ཀྱི་ངོ་བོ། དོན་ཚན་གཉིས་པ་རྩོམ་ཡིག་དང་དུས་དེབ་ཀྱི་ཕན་ནུས། དོན་ཚན་གསུམ་པ་རྩོམ་ཡིག་དང་དུས་དེབ་ནི་མི་རིགས་ཀྱི་བླ་སྲོག་ཡིན་པ་བཅས་ཀྱི་སྐོར་ལ་སྙིང་བསྡུས་ཤིག་བཤད་ན། དེ་ཡང་དོན་ཚན་དང་པོ་རྩམ་ཡིག་ཅེས་པ་ནི། རྩོམ་པ་པོའི་བསམ་བློའི་ཀུན་རྟོག་ལ་དགའ་སྐྱོ་ཁྲོ་ཆགས་གང་ཞིག་གིས་གཡོ་འགུལ་ཐེབས་པ་ལས་བྱུང་བའི་ནང་བསམ་བློའི་འཆར་སྒོ་དེ་ཉིད། ཕ་རོལ་པོས་གོ་བ་ཇི་ལྟ་བ་བཞིན་ལེན་ཐུབ་པའི་སྒྱུ་རྩལ་གྱི་བརྡ་ཐབས་ཤིག་ལ་ཟེར། དུས་དེབ་ཅེས་པ་ནི། གོང་དུ་བཤད་པའི་རྩོམ་ཡིག་གི་ངོ་བོ་དང་ལྡན་པའི་རྩོམ་ཡིག་སྣ་ཚོགས་བཀོད་བསྒྲིགས་བྱེད་པའི་ཀློག་དེབ་ཅིག་ལ་ངོས་འཛིན་བྱེད་ནའང་མ་འགྲིག་པ་མེད་དོ།།
དོན་ཚན་གཉིས་པ།   རྩོམ་ཡིག་དང་དུས་དེབ་ཀྱི་ཕན་ནུས་ནི། དེ་ཡང་མི་རིགས་ཤིག་གི་ངོ་བོ་རྒྱུན་དུ་གནས་པ་ལ་སྐད་ཡིག་གི་སྲོག་རྩ་ལ་རྩོམ་རིག་གི་ཟུངས་ཁྲག་ལྡན་དགོས། གལ་ཏེ་མི་རིགས་དེའི་སྐད་ཡིག་ལ་རྩོམ་ཡིག་གི་ཟུངས་ཁྲག་མི་ལྡན་ན། མི་རིགས་དེའི་འདས་པའི་ལོ་རྒྱུས་ཀྱི་ཤེས་བྱ་མུ་མཐུད་ནས་གནས་མི་ཐུབ་ལ། ཆོས་དང་རིག་གཞུང་གི་སྲོག་རྒྱུན་མུ་མཐུད་ནས་འཚོ་མི་ཐུབ། ད་ལྟ་ཡི་གནས་བབ་མཚོན་པའི་ཆབ་སྲིད་དང་དཔལ་འབྱོོར། དམག་དོན་དང་འཛིན་སྐྱོང་བཅས་པ་ཡར་རྒྱས་གོང་འཕེལ་དང་། ཚགས་ཚུད་བརྟན་ལྷིང་གི་ངོ་བོར་ནམ་ཡང་གནས་མི་ཐུབ། འབྱུང་འགྱུར་ལམ་སྟོན་དང་མ་འོངས་སྔུན་སུས་ཀྱི་འཆར་འགོད་དང་ཚོད་དཔག་ནམ་ཡང་གནང་མི་ཐུབ། དུས་རབས་ཀྱི་གཞོན་སྐྱེས་ཚོ་དང་ལྷག་པར་དུ་ཤེས་ཡོན་ཅན་གྱི་དགེ་རྒན་རྣམ་པ་ནི་མ་འོངས་པའི་མི་རབས་ཀྱི་ཁོག་པའི་ནང་དུ་ཚེ་སྲོག་གསར་པ་ཞིག་གནང་མཁན་གྱི་མི་སྣ་གཙོ་བོ་དེ་ཡིན་ལ་ཚེ་སྲོག་ལ་རྣམ་ཤེས་ཀྱི་རྒྱུ་བ་ལྡན་པའི་གསོན་ཤུགས་གསར་པ་ཞིག་འཕར་དགོས་ན། དགེ་རྒན་དང་མཁས་པ་རྣམ་པས་རྩོམ་རིག་གི་ཟུངས་ཁྲག་ཉག་གཅིག་ལ་བརྟེན་དགོས། དེས་ན་སྤྱིར་རྩོམ་ཡིག་ལ་གནའ་རབས་དང་དེང་རབས་ཀྱི་རྩོམ་ཡིག་སོགས་དུ་མ་ཡོོད། དང་པོར་དཔེར་ན། བདག་ཅག་གི་སྟོན་པས་བརྩམས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་དེའི་འགྲེལ་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཛད་པའི་རིགས་ཚོགས་དྲུག་ལ་སོགས་པའོ།། དེ་དག་གི་བརྗོད་བྱ་ས་བཅུ་ལམ་ལྔ་སོགས་ལ་བརྟེན་ནས། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་།  གཞན་ཡང་། སངས་རྒྱས་ཀྱི་གསུང་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། ཞེས་སོགས་བཀའ་དང་པོ་བདེན་བཞི་ཆོས་འཁོར་ལ་བརྟེན་ནས། འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཅན་དང་། ང་ཚོ་འགྲོ་བ་སེམས་ཅན་རྣམས་ཀྱང་རྒྱུ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་ལས་འཁོར་བ་འདིར་སྐྱེས་པ་སོགས་ཤེས་ཐུབ་པ་དང་། དེར་མ་ཟད་ད་དུང་ཀླུ་སྒྲུབ་ཡབ་སྲས་ཀྱི་རྩོམ་ཡིག་ལ་བརྟེན་ནས། སྔར་ལས་རྒྱུ་འབྲས་དང་སངས་རྒྱས་ཀྱི་གོ་འཕང་སོགས་ཁས་མི་ལེན་པ་རྣམས་ཕྱིར་ཁས་ལེན་པ་སྟེ། དཔེར་ན། འཕགས་པ་ལྷ་སོགས་ཀྱི་རྩོམ་ཡིག་ལ་བརྟེན་ནས་མུ་སྟེགས་རྟ་དབྱངས་ཀྱང་ནང་པར་བསྒྱུར་བ་སོགས་གནའ་རབས་ཀྱི་རྩོམ་ཡིག་གི་ནུས་པ་ལ་བརྟེན་ནས་དེ་ལྟར་སྣེ་ཁྲིད་པའོ།། གཉིས་པ་དེང་རབས་ཀྱི་རྩོམ་ཡིག་ལ་དུ་མ་ཞིག་ཡོད་དེ། དཔེར་ན། ཆབ་སྲིད་ཀྱི་རྩོམ་ཡིག་དང་། དཔལ་འབྱོར་གྱི་རྩོམ་ཡིག འཕྲོད་བསྟེན་གྱི་རྩོམ་ཡིག དམག་འཐབ་ཀྱི་རྩོམ་ཡིག་བཅས་པ་ལྟ་བུའོ།། འོ་ན་དེ་དག་གིས་སྤྱི་ཚོགས་སྣེ་ཁྲིད་ཇི་ལྟར་བྱས་ཡོད་དམ་ཞེེ་ན། དེ་ཡང་དང་པོ་ཆབ་སྲིད་ཀྱི་རྩོམ་ཡིག་ལ་བརྟེན་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར། ལུང་ཚན་དང་ལུང་ཚན་བར། དཔོན་པོ་དང་མི་འབངས་བར། ཚོགས་པ་དང་ཚོགས་པ་བར་དུ་མཐུན་སྒྲིལ་གྱི་ཟམ་ཆེན་བཙུགས་ཐུབ་པ་དང་། དགའ་ཞེན་གྱི་དུང་བ་རྒྱས་ཐུབ་པའི་ལེགས་ཚོགས་ཀྱི་ཕན་ནུས་དང་ལྡན་པ་དང་། ཡང་དེ་ལས་ལྡོག་སྟེ། མི་རིགས་དབྱེ་འབྱེད་དང་། མི་བསད་ཁྲ་སྦྱོར་སོགས་ཀྱི་མི་ལེགས་པའི་ལམ་དུའང་སྣེ་ཁྲིད་བྱེད་ཐུབ་པའོ།། གཉིས་པ་དཔལ་འབྱོར་གྱི་རྩོམ་ཡིག་ལ་བརྟེན་ནས། རང་ཉིད་ཚོང་པ་ཞིག་མིན་ཡང་། ཚོང་རྒྱག་རྒྱུ་ལ་དབྱིངས་དང་སྤོབས་པ་སོགས་ཡོང་བ་དང། ཅི་སྟེ་རང་ཉིད་ཚོང་པ་ཞིག་ཡིན་ན། དཔལ་འབྱོར་རྣམས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རྣམས་ངོས་བཟུང་ནས་སྔོན་གྱི་རྨོངས་པ་རྣམས་སེལ་ཏེ། ངལ་བ་མེད་པའི་ཐབས་ལམ་སྒོ་བརྒྱའི་ཐོག་ནས། དཔལ་འབྱོར་འདུ་སྒྲུག་བྱེད་ཐུབ་པ་སོགས་ཀྱི་ལམ་དུ་སྣེ་ཁྲིད་པའོ།། གསུམ་པ་འཕྲོད་བསྟེན་གྱི་རྩོམ་ཡིག་ལ་བརྟེན་ནས། ནད་ངན་གྱི་རྐྱེན་པས་གཤིན་རྗེའི་དྲུང་དུ་ཕྱིན་ལ་ཉེ་བའི་མལ་དུ་ལྷུང་བའི་ནད་པ་ཉམ་ཐག་རྣམས་ཀྱང་། ཡར་ངོའི་ཟླ་ལྟར་དལ་གྱིས་ནད་ལས་དྲག་ནས་རྒྱུན་ལྡན་ལྟར། འགྲོ་ཆགས་ཉལ་འདུག་སོགས་བྱེད་ཐུབ་པར་འགྱུར་བ་དང་། དེ་བཞིན་དུ། ཆུ་མ་ཡོང་སྔོན་དུ་ཆུ་བཀག་དང། རླུང་མ་ཡོང་སྔོན་དུ་རླུང་བཀག ཅེས་པའི་གཏམ་དཔེ་ལྟར། ནད་རིམས་སོགས་མ་འགོས་སྔོན་དུ། དེ་དག་བཟློག་ཆེད་དུ་ཟས་རིགས་དང་གནའ་དེང་གི་སྨན་དང་ལུས་རྩལ་སོགས་ཇི་ལྟར་རྩེད་དགོས་པ་སོགས་མཁྱེན་པའི་ལམ་དུ་སྣེ་ཁྲིད་པའོ།། བཞི་པ་དམག་འཐབ་ཀྱི་རྩོམ་ཡིག་ལ་བརྟེན་ནས། དམག་མི་རྣམས་ཀྱིས། གྲི་དང་མདུང་དང་མེ་མདའ། འབར་རྫས་དང་འཕྲུལ་ཆས་སོགས་ལོངས་སུ་སྤྱོད་ཤེས་པ་མ་ཟད། རང་རྒྱལ་གཞན་ཕམ་གྱི་ལམ་ལུགས་ལ་སོང་ནས་མཚོན་ཆ་དེ་དག་སྤྱོད་དེ། གཞན་གྱི་འཕྲལ་ཕུགས་ཀྱི་བདེ་སྐྱིད་དང་ཟས་གོས་གནས་མལ་སོགས་ལ་ཡེ་ནས་བསམ་བློ་མ་གཏོང་བར་འཕྲོག་བཅོམ་སོགས་བྱ་སྤྱོད་ངན་པ་བྱས་པ་སྟེ། དཔེར་ན། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་རྒྱལ་ཁབ་ཕན་ཚུན་བར་གཅིག་འོག་གཅིག་གནོན་གྱིས་ལམ་དུ་འཁྲིད་པ་བཅས་སོ།། མདོར་ན་རྩོམ་ཡིག་གི་ནུས་པ་ལ་བརྟེན་ནས་དགའ་སྐྱོ་ཁྲོ་གསུམ་གྱི་བྱ་བའི་ལམ་དུ་ཁྲིད་ཐུབ་པའོ།།  དེ་བཞིན་དུ་དུས་དེབ་ནི་ཤེས་བྱ་སྣ་ཚོགས་སློབ་པའི་དགེ་རྒན་འགྲན་ཟླ་མེད་པ་ཞིག་ཡིན། དཔེར་ན། དུས་དེབ་ཁྲོད་དུ་ཚེ་སྲོག་རིང་ཤོས་དང་དབུགས་ཀྱི་རྒྱུན་བརྟན་ཤོས། སློབ་གྲྭ་འདི་ཉིད་ཀྱི་ལོ་རེའི་འཐོན་བཞིན་པའི་གངས་སུལ་གྱི་རོལ་དབྱངས་འདི་ལྟ་བུའོ།། གངས་སུལ་རོལ་དབྱངས་ཀྱི་དུས་དེབ་འདི་ཉིད་ཀྱང་། དཔྱད་རྩོམ་དང་སྙན་རྩོམ། བསྒྱུར་རྩོམ། ལྷུག་རྩོམ སྒྲུང་རྩོམ། ཀ་རྩོམ་སོགས་ལ་བརྟེན་ནས། རྒྱ་ཆེར་ཀློག་པ་པོ་རྣམས། སྔོན་གྱི་གོམས་གཤིས་སམ་གཤིས་ཀ་རྣམས་འགྱུར་ཡོད་པ་དང་། ཡང་རིང་ནས་སེམས་ནང་བརྣག་བའི་དོགས་པ་སོགས་སེལ་ཞིང་། སྔ་རྩོམ་ཡིག་ལ་དགའ་ཞེན་མེད་པ་རྣམས་ད་ལྟ་རྩོམ་ཡིག་ལ་དོ་སྣང་ཡོང་བ་སོགས་དུས་དེབ་ཀྱིས་སྤྱི་ཚོགས་སྣེ་ཁྲིད་འདི་ལྟར་བྱས་ཡོད་དོ།། ང་ཚོ་དུས་དེབ་ཀྱི་གྲུ་གཟིངས་དང་རྩོམ་ཡིག་གི་རླུང་གཡོབ་ལ་བརྟེན་ནས་ཤེས་ཡོན་གྱི་རྒྱ་མཚོ་ལས་ཕ་རོལ་ཏུ་སོན་དགོས་པ་རྟེན་འབྲེལ་གྱི་རང་བཞིན་ཡིན་པ་མ་ཟད། འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟ་ན་ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་རྩོམ་ཡིག་དང་རིག་གནས་བསྟན་བཅོས་སོགས་བརྩམས་པས་ད་ལྟའི་སྤྱི་ཚོགས་འདིའི་མི་མང་ཁྲི་ཁྲག་མང་པོ་བཟང་པོའི་ལམ་དུ་འཁྲིད་བཞིན་པ་ཡིན་ནོ།།
དོན་ཚན་གསུམ་པ་རྩོམ་ཡིག་དང་དུས་དེབ་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་པ་ཡང་། ལུས་སྲོག་རྒྱན་གསུམ་ལ་ཡ་མ་བྲལ་བའི་རྩོམ་ཡིག་ནི། དཔོན་ངན་ཟ་རྔམས་ཅན་གྱི་ཁ་ལ་ཁྲོ་ལྕགས་ཀྱི་རྡོ་རྗེ་ནང་བཞིན་ཡིན་ལ། ཕྱུག་པོ་རྒྱུ་རྔམས་ཅན་ཚོའི་སྣ་ལ་བེ་ཤིང་གི་རྒྱུགས་པ་ནང་བཞིན་ཡིན། དུས་དེབ་ནི་མདུན་བསྐྱོད་ཀྱི་རྡོ་བཀག་གཏོར་བ་ལ་འབར་རྫས་ནང་བཞིན་ཡིན་ལ། རྩོམ་རིག་ནི་རྗེས་ལུས་ཀྱི་རྟ་ཟོག་དེད་པ་ལ་ལྕག་ཚན་བཞིན་ཡིན། དུས་དེབ་ནི་བློ་གསར་གྱི་འདབ་ཆགས་ལ་གཤོག་པ་ནང་བཞིན་ཡིན། གསར་གཏོད་ཀྱི་འཛུགས་སྐྲུན་ལ་འཕྲུལ་ཆས་ནང་བཞིན་ཡིན། རྩོམ་ཡིག་ནི་ཆོས་རིག་གི་སྲོལ་རྒྱུན་ལ་སྲོག་རྩ་དང་སྐད་ཡིག་གི་མ་ལག་ལ་དབང་རྩ་ནང་བཞིན་ཡིན། དུས་དེབ་ནི་མི་རིགས་ཀྱི་ཚེ་སྲོག་གི་སྲོལ་རྒྱུན་ལ་སྲོག་རྩ་དང་རིག་ཞེན་གྱི་ཁོག་པ་ལ་སྙིང་རྩ་ནང་བཞིན་ཡིན། རྩོམ་ཡིག་ནི་ཡར་རྒྱས་ཀྱི་མདུན་ལམ་ལ་རྐང་པ་དང་བྱ་གཞག་གི་མཛད་རྗེས་ལ་ལག་པ་ནང་བཞིན་ཡིན། དུས་དེབ་ནི་རྨོངས་པའི་མཚན་ལྗོངས་ལ་སྒྲོན་མེ་དང་མཁས་པའི་རྣ་བར་བདུད་རྩི་ནང་བཞིན་ཡིན། རྩོམ་ཡིག་ནི་བྱུང་བ་བརྗོད་པར་རྒན་པོ་དང་འབྱུང་འགྱུར་བསུ་བའི་བྱིས་པ་ནང་བཞིན་ཡིན། རྩོམ་ཡིག་དང་དུས་དེབ་ནི་རང་སེམས་གསོ་བར་པི་ཝང་དང་གཞན་སེམས་འགུག་པར་ལྕགས་ཀྱུ་ནང་བཞིན་ཡིན། རྩོམ་ཡིག་དང་དུས་དེབ་ནི་འདས་པའི་རྐང་རྗེས་ཡིན་ལ་ད་ལྟ་ཡི་སྲོག་རྩ་ཡང་ཡིན། རྩོམ་ཡིག་ནི་མ་འོངས་པའི་ལམ་ཆེན་ཡིན་ལ། དུས་དེབ་ནི་དུས་གསུམ་ཀར་ལྟ་བའི་རྒྱངས་ཤེལ་ཡང་ཡིན། མདོར་ན་རྩོམ་ཡིག་དང་དེང་དེབ་ནི་ཐམས་ཅད་ཡིན་ལ་ཡོད་ཚད་ནས་ཡོད་ཚད་སྤུངས་པའི་ཕུང་པོ་ཞིག་ཀྱང་ཡིན་ནོ།།

གསུམ་པ།

༼གོང་ས་མཆོག་ནས་སློབ་གྲྭ་བར་བཅངས་པའི་ཐུགས་རེ།
༡)སློབ་གྲྭ་མེད་པའི་དཀའ་ངལ།
༢)བཙན་བྱོལ་དུ་ཐོག་མ་ཕེབས་དུས་ཐུགས་རེ།
༣)ཕུགས་རྒྱང་རིང་པོའི་དམིགས་ཡུལ།།
(སློབ་གྲྭ་མེད་པའི་དཀའ་ངལ།)

སྤྱིར་གོ་ལ་ཧྲིལ་པོ་འདིའི་སྟེང་སློབ་གྲྭ་མེད་པའི་དཀའ་ངལ་མང་པོ་འཕྲད་ཡོད། ཡང་སྒོས་འཛམ་གླིང་གི་ཡང་ཐོག་ཏུ་གནས་པའི་བོད་ཁ་བའི་ལྗོངས་ལ་དེ་ལྟ་བུའི་དཀའ་ངལ་འཕྲད་ཡོད།སྤྱིར་སློབ་གྲྭ་ཞེས་པའི་གནས་འདི་འགྲོ་བ་མི་ཞིག་གི་ངོས་ནས་བཤད་ན་ཤིན་ཏུ་གལ་ཆེ་བའི་ལྟེ་གནས་ཤིག་དང་ཡང་སྒོས་བུ་ཕྲུག་ངོས་ནས་བཤད་ན་འགྲན་ཟླ་དང་བྲལ་བའི་ཁོར་ཡུག་ཅིག་ཏུ་གྱུར་ཡོད། སྤྱིར་སློབ་གྲྭ་ཞེས་པའི་ཚིག་འདིའི་གང་མཚོན་གྱི་ཡོད་ཅེས་ཞུ་ན་སློབ་ཅེས་པའི་ཚིག་འདིའི་ཤེས་བྱའི་རྣམ་གྲངས་རིགས་དུ་མ་ཞིག་སློབ་པ་དང་།གྲྭ་ཞེས་པའི་ཚིག་འདིའི་དེ་ལྟ་བུའི་ཁོར་ཡུག་དེ་སྤྱི་ཚོགས་ཀྱི་ཟང་ཟིང་ལས་ལོགས་སུ་གནས་ཡོད་པ་མཚོན་གྱི་ཡོད། དེར་བརྟེན་བུ་ཕྲུག་ཅིག་འགྲོ་བ་མི་ཡི་ལུས་པོ་དང་ལྡན་ནའང་ཤེས་རིག་ལ་རྨོངས་པའི་སྒོ་ཟོག་ཅིག་མིན་པར་འཛམ་གླིང་འདིའི་སྟེང་སྐྱེས་བུ་སུ་འདྲ་ཞིག་དང་བསྡུར་ནའང་དཔུང་པ་མཉམ་གཤིབ་བྱས་ཐུབ་པའི་ཆེད་སློབ་གྲྭ་ནི་མེད་ཐབས་མེད་པའི་ཁོར་ཡུག་ཅིག་ཏུ་གྱུར་ཡོད།
འོན་ཀྱང་འདི་ལྟ་བུའི་ཁོར་ཡུག་དེ་འཛམ་གླིང་གི་ཡང་ཐོག་ཏུ་གནས་པའི་རང་ཅག་བོད་ཁ་བའི་ལྗོངས་སུ་ཆེས་མཐོང་དཀའ་བའི་ནོར་རིགས་ཤིག་དང་མཚུངས་པར་མ་ཟད་ཡུལ་དེར་གནས་པའི་མི་བུ་རྣམས་ལས་སློབ་གྲྭ་ཞེས་པའི་ཐ་སྙད་འདོགས་པའི་ཁོར་ཡུག་དེ་ཇི་ལྟར་ཞིག་ཡིན་པ་མཐོང་མྱོང་མཁན་ཡང་ཤིན་ཏུ་ཉུང་ལ་མཐའ་ན་འདི་ལྟ་བུའི་ཐ་སྙད་འདི་གོ་མ་མྱོང་མཁན་ཡང་ཤིན་ཏུ་མང་།ང་འཚོའི་མེས་པོ་རྣམས་སྒེར་དོན་ལ་གཅེས་ཤིང་སྤྱི་དོན་ལ་ཕོངས་པའི་མི་བུ་ཞིག་ཏུ་གྱུར་ཡོད།མ་ཟད་གོ་ལ་འདིའི་སྟེང་དུ་གནས་པའི་རྒྱལ་ཁབ་གཞན་རྣམས་ལས། ཤེས་ཡོན་གྱི་རྗེས་ལུས། དམག་དོན་གྱི་རྗེས་ལུས། འཛིན་སྐྱོང་ཀྱི་རྗེས་ལུས་བཅས། མདོར་ན་ཕྱོགས་སྤྱིའི་ཐོག་ནས་རྗེས་ལུས་མང་པོ་ཞིག་ཐེབས་ཡོང་བའི་རྐྱེན་གྱི་སྟོབས་འབྱོར་དང་ལྡན་པའི་རྒྱ་ནག་རྒྱལ་ཁབ་ཀྱིས་དྲག་པོའི་བཙན་གནོན་ཀྱི་མངའ་འོག་ཏུ་བསྡུས་པ་དང་བོད་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་མི་ཁྲི་ཕྲག་མང་པོ་རྒྱ་གར་དུ་བཙན་བྱོལ་ལ་ཡོང་དགོས་ཐུག་ཡོད།

༼བཙན་བྱོལ་དུ་ཐོག་མ་ཕེབས་དུས་ཐུགས་རེ༽
བཙན་བྱོལ་དུ་ཐོག་མ་ཕེབས་དུས་ཐུགས་རེ་དེ་ནི་སློབ་གྲྭ་འཛུགས་སྐྲུན་གནང་ཡ་དེ་ཡིན། རྒྱུ་མཚན་ནི་དེང་དུས་ཀྱི་ཤེས་ཡོན་
སོགས་ལ་བསླབ་པ་དང་རང་གི་རིག་གཞུང་མི་མཉམ་གོང་འཕེལ་ཡོང་བ་སོགས་ཀྱི་ཆེད་དུ་ཡིན། མ་འོངས་པར་རང་གི་ལུང་པར་སླེབས་དུས་ཆོས་དང་རིག་གཞུང་ཉམས་མེད་ཚད་ལྡན་དང་དེར་མ་ཟད་དེང་དུས་ཀྱི་ཤེས་ཡོན་ཡང་རྗེས་ལུས་མ་ཐེབས་པ་ཡོང་བའི་ཆེད། བཙན་བྱོལ་དུ་ཕེབས་པའི་རྗེས་སུ་ཐོག་མ་རྒྱ་གར་གྱི་སྲིད་བློན་ནའེ་རུ་ལ་ང་ཚོའི་ཕྲུ་གུའི་ཚོའི་ཆེད་དུ་སློབ་གྲྭ་ཞིག་དགོས་ཀྱི་འདུག་ཅེས་ཞུས་པར་ནའེ་རུ་མཆོག་ནས་སློབ་གྲྭ་གང་དུ་བཏང་ན་ཡང་འགྲིག་ཅེས་ཞུས།༧གོང་ས་མཆོག་ནས་དེ་མི་འགྲིག་པར་ང་ཚོར་ཟུར་དུ་བོད་པའི་སློབ་གྲྭ་དགོས་ཞེས་ཞུས་པ་བཞིན་ཆོག་མཆན་ཡང་ཐོབ།ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་༣ ཉིན་མ་སུ་རིར་བོད་ཕྲུག་ལྔ་བཅུ་ཡོད་པའི་སློབ་གྲྭ་ཐོག་མ་དེ་དབུ་འབྱེད་ཀྱི་མཛད་སྒོ་དང་འབྲེལ་བཀའ་སློབ་གནང་བའི་སྙིང་དོན་ང་ཚོར་གནས་ཚུལ་ཐབས་རྡུགས་འདི་འདྲ་ཡོང་བ་ལ་རྒྱུ་གཙོ་ཆེ་ཤོས་གཅིག་ནས་བོད་རྒྱ་ཆེའི་མི་མང་དག་སྨོས་ཅི་བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་བྱེད་མཁན་ཚོ་ལ་ཡང་དུས་བསྟུན་གྱི་ཤེས་ཡོན་འདང་བ་མེད་པ་དེ་ལ་ཐུག་ཡོད།དེར་བརྟེན་ང་ཚོས་སློབ་སྦྱོང་ལ་དོ་སྣང་བྱེད་དགོས། ང་ཚོས་ཤེས་ཡོན་གྱི་རལ་གྲི་ལག་ཏུ་འཁྱེར་ནས་བདེན་པའི་མཐའ་སེལ་དགོས།དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོས་ང་ཚོས་ཁ་གཏད་གཅོག་ས་རྒྱ་མི་ལ་བཅག་དགོས།ང་ཚོ་རྒྱ་མི་ལ་མི་དགའ་བ་མིན།རྒྱ་ནག་རྒྱལ་ཁབ་ལ་ངོ་རྒོལ་མིན།འོ་ན་ང་ཚོ་ག་རེ་བྱེད་ཀྱི་ཡོད་ཟེར་ན་རྒྱ་མིས་རྒྱུ་མཚན་མེད་པ་དང་ཧམ་པའི་ཐོག་ནས་ང་ཚོའི་བོད་ཀྱི་ལུང་པ་དེ་བཟུང་། ཟིན་པ་ཙམ་དུ་མ་ཟད་བོད་ཀྱི་བདག་པོ་བོད་མི་རྣམས་ལ་བྲན་གཡོག་གི་འདུ་ཤེས་བཞག་ཡོད།ཅེས་གསུངས་སོ།།
༼ཕུགས་རྒྱང་རིང་པོའི་དམིགས་ཡུལ༽
ཐོག་མར་བྱ་བ་གང་འདྲ་ཞིག་བྱེད་པ་ཡིན་ཡང་དམིགས་ཡུལ་ངེས་བརྟན་ཞིག་བཟུང་དགོས་ཀྱི་ཡོད།དམིགས་ཡུལ་མེད་ན་བྱ་བ་ཅི་འདྲ་ཞིག་བྱེད་ཀྱང་ས་བོན་རུལ་སོང་བ་ལ་མྱུ་གུ་སྐྱེ་རྒྱུ་མེད་པ་ཞིག་ཡིན།དེར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོས་ཕུགས་རྒྱང་རིང་པོའི་དམིགས་ཡུལ་བཅངས་ཡོད། ཕུགས་རྒྱང་རིང་པོའི་དམིགས་ཡུལ་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཙན་བྱོལ་དུ་ཕེབས་ནས་ཐོག་མར་སློབ་གྲྭ་བཙུགས་པའི་རྒྱངས་ཐག་རིང་པོའི་དམིགས་ཡུལ་འདི་ཉིད་ཡིན། དེ་ནི་མ་འོངས་པར་ང་ཚོ་ལ་རང་དབང་རག་དུས་ང་ཚོས་ཡུལ་སྲོལ་གོམས་གཤིས་ཆ་ལག་དང་བཅས་པ་མི་རིགས་འདི་ཉིད་ཀྱི་སྲོག་བདག་སྐད་ཡིག་དེ་མ་ཉམས་པར་ཡུན་རིང་པོ་གནས་ཐུབ་པའི་དམིགས་ཡུལ་བཅངས་ཡོད།་དེ་ཙམ་དུ་མ་ཟད་མི་རིགས་གཞན་པ་ཚོ་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་པའི་སླད་དབྱིན་ཇི་དང་ཚན་རིག་སོགས་སློབ་ཚན་དུ་འཇོག་ནས་དཀའ་ངལ་མེད་པའི་ཐོག་ནས་འགྲོ་ཐུབ་པའི་ཐུགས་བརྩེ་བས་གཟིགས་ཡོད། དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོས་མི་རིགས་གཞན་པའི་སློབ་ཕྲུག་ཚོས་དཀའ་ལས་རྒྱ་ཆ་དྲུག་ཅུ་བདུན་ཅུ་རྒྱག་གི་ཡོད་ན་ང་ཚོས་སློབ་ཕྲུག་ཚོས་དཀའ་ལས་རྒྱ་ཆ་བརྒྱད་ཅུ་དགུ་ཅུ་རྒྱག་དགོས། གང་ཡིན་ཞུས་ན་ང་ཚོར་དམིགས་བསལ་འགན་ཡོད།།ཅེས་གསུངས་ཡོད།།རྫོགས་སོ།།

བཞི་པ།
ནང་ཆོས་ཀྱིས་སྤྱི་ཚོགས་ལ་ཞབས་ཞུ་ཇི་ལྟར་སྒྲུབ་ཐུབ་བམ།
དེ་རིང་གུས་པས་ནང་ཆོས་ཀྱིས་སྤྱི་ཚོགས་ལ་ཞབས་ཞུ་ཇི་ལྟར་སྒྲུབ་ཐུབ་བམ་ཞེས་པའི་བརྗོད་གཞིའི་ཐོག་དུས་དང་བསྟུན་ཏེ་རང་བློ་གང་ལྕོགས་ཀྱིས་ཞུ་རྒྱུ་ཡིན། 
དེང་གི་དུས་རབས་ཉེར་གཅིག་པ་འདིར་མེ་ཤུགས་ལ་བརྟེན་ནས་གོ་ལ་གཅིག་ནས་གཅིག་ཏུ་བགྲོད་ཐུབ་པ་དང་། རྡུལ་ཕྲན་ལ་བརྟེན་ནས་གོ་ལ་ཧྲིལ་པོ་ཐལ་བའི་རྡུལ་དུ་གཏོང་ཐུབ་པ། རླུང་ཁམས་དང་འོད་རླབས་ལ་བརྟེན་ནས་ཆ་འཕྲིན་སྐྱེལ་ཐུབ་པ་སོགས་ཕྱིའི་དཔལ་འབྱོར་གྱི་ཕྱོགས་ཧ་ཅང་གིས་ཚད་མཐོའི་ཡར་རྒྱས་ཕྱིན་ཡོད་ཀྱང་། དེ་དག་ལ་བརྟེན་ནས་མི་རྣམས་བདེ་སྐྱིད་དང་། འཚོ་བ་ལྷིང་འཇགས། མཉམ་མཐུན་མཉམ་གནས་ཡོང་རྒྱུའི་ཚབ་ཏུ་ཉིན་མཚན་དུས་དྲུག་ཏུ་འཇིགས་སྣང་དང་དངངས་སྐྲག འགྲན་སེམས། བྲེལ་འཚུབ་དང་ཆགས་སྡང་སོགས་ཀྱིས་འཚོ་བ་སྐྱེལ་བ་དང་། ཁོར་ཡུག་སྦགས་བཙོག རླུང་ཁམས་མི་གཙང་བ་སོགས་ཀྱིས་ནད་རིགས་འདྲ་མིན་འབྱུང་བ་སོགས། གང་ལྟར་མི་རྣམས་སྡུག་བསྔལ་གྱི་མེ་དོང་དུ་ཚེ་སྲོག་གི་རྒྱུ་བ་གནས་དགོས་པ་འདིས་ཕྱིའི་དཔལ་འབྱོར་ཡར་རྒྱས་གཅིག་པུས་སྤྱི་ཚོགས་ལྷིང་འཇགས་དང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་མི་ཐུབ་པ་མཚོན་གྱི་ཡོད། འོ་ན། སྤྱི་ཚོགས་ལྷིང་འཇགས་དང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བར་མཐུན་རྐྱེན་གང་ཞིག་ལ་བརྟེན་དགོས་ཞེ་ན། དེ་ནི་ཆོས་ཕྱོགས་ལ་བརྟེན་ནས་ཡོང་དགོས་པ་ཡིན། སོང་ཙང་ངས་འདིར་ནང་ཆོས་ལ་བརྟེན་ནས་གོང་གི་དཀའ་རྙོག་རྣམས་སེལ་ཐུབ་ཚུལ་སྐོར་དོན་ཚན་གསུམ་དུ་བསྡུས་ནས་བཤད་རྒྱུ་ཡིན།
དང་པོ། ནང་ཆོས་ཀྱིས་མི་གཤིས་སྒྱུར་བར་བྱེད་ཚུལ།
མི་དང་དུད་འགྲོའི་ཁྱད་པར་རིག་གནས་ཡོད་མེད་ཀྱི་སྟེང་ནས་ཕྱེ་བ་ཡིན་ལ། མི་ཡ་རབ་དང་མ་རབ། སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་ཡང་རིག་གནས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་བསམ་པ་དང་། ལྟ་བ་དང་། ཀུན་སྤྱོད་སོགས་ཀྱི་སྟེང་ནས་ཕྱེ་བ་རེད། འཇིག་རྟེན་འདིར་བསམ་པ་དཀར་ཞིང་རྒྱུད་དྲང་བ། ལས་རྒྱུ་འབྲས་བརྩི་ཞིང་ངོ་ཚ་དང་ཞེ་ཁྲེལ་ཡོད་པ། གཞན་ལ་བརྩི་བཀུར་བྱེད་ཅིང་བློ་ཐུབ་ཚིག་ཐུབ་ཡིན་པ།  སྡུག་རུས་དང་སྙིང་སྟོབས་ཆེ་བ། བྱམས་སྙིང་རྗེ་ཆེ་ཞིང་ཡ་རབ་དགེ་བའི་ལས་ལ་དགའ་བ། ཤེས་རབ་ཆེ་ཞིང་སེམས་བརྟན་པ་སོགས་འཇིག་རྟེན་མི་ཡི་ཡོན་ཏན་དང་བླ་ན་མེད་པའི་ཁྱད་ཆོས་ཤིག་ཏུ་ངོས་འཛིན་བཞིན་པ་འདི་དག ཐོག་མ་ཉིད་ནས་འགྲོ་བ་མིའི་རྒྱུད་དུ་ལྷན་སྐྱེས་སུ་ཡོད་པ་མ་ཡིན་པར། ཆོས་དང་རིག་གནས་ཀྱི་སློབ་གསོ་ཐེབས་པ་ལས་བྱུང་བ་རེད། དཔེར་ན། དེང་སང་འཛམ་གླིང་ན་བོད་མི་རིགས་བསམ་པ་དྲང་ཞིང་དཀར་བའི་ཚད་དུ་བྱེད་པ་འདི་ཡང་། མི་རིགས་འདི་བསམ་པ་དང་ཀུན་སྤྱོད་བཟང་བའི་ཆ་ནས་ཡིན་ལ། བསམ་པ་དང་ཀུན་སྤྱོད་བཟང་བོ་དེ་ཡང་སྐྱེས་ཐོབ་ཀྱི་རང་བཞིན་ཞིག་མ་ཡིན་པར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་རིག་གནས་ཀྱི་སློབ་གསོ་ལས་ཆགས་པ་རེད། དེང་རབས་ཚན་རིག་གི་ཕ་རྒན་དུ་འབོད་པའི་ཨེ་ཡིན་ཟི་ཐཱན་ནས། ངེད་ཅག་ཡུས་ཐེ་མི་རིགས་འདི་ལ་ཆག་འཇིག་ཇི་ལྟར་བྱུང་ཡང་། མི་རིགས་ཀྱི་རང་གཤིས་མ་ཉམས་ཤིང་བསམ་པ་རྡོག་རྩ་གཅིག་ཏུ་གནས་ཡོད་པ་འདི་རང་རེའི་ཡུས་ཐེ་ཆོས་ལུགས་ཀྱི་དྲིན་ཡིན། ཞེས་གསུངས་ཡོད། སོང་ཙང་ཟང་ཟིང་དང་འཁྲུག་འཛིང་། རང་རྒྱལ་གཞན་ཕམ། ཁྱོད་ཤི་ང་གསོན་གྱི་ཡོལ་ལོང་དྲ་བར་ཚུད་པའི་སྤྱི་ཚོགས་འདི། བདེ་འཇགས་དང་། ཕན་ཚུན་ཡིད་ཆེས་བློས་འཁེལ་དང་མཛའ་བཤེས་འདུན་པ། གཅིག་ཕན་གཅིག་རོགས། འཆམ་མཐུན་མཉམ་གནས་ཀྱི་ངོ་བོར་གནས་ཐུབ་པར་ཆོས་ཕྱོགས་དང་ལྷག་པར་དུ་ནང་ཆོས་ཀྱི་ཐོག་ནས་གོ་བསྐོན་སློབ་གསོ་སྤྲོད་རྒྱུ་ལས་ཐབས་གཞན་མེད་པ་ཡིན། 
གཉིས་པ། ནང་ཆོས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་སྤྱི་ཚོགས་ལ་ཕན་པར་སྒྲུབ་ཚུལ།
 མི་རྣམས་འཚོ་སྡོད་བྱེད་པ་རང་བྱུང་གི་ཁོར་ཡུག་ལ་རག་ལས་ཡོད། དཔེར་ན་ཟ་མ། འཐུང་ཆུ། མེ་ཤིང་། གནས་ཁང་བཟོ་སྤྱད་ཀྱི་ས་རྡོ་ཤིང་གསུམ། ཞིང་ལས། ཕྱུགས་ལས་ཀྱི་ཆ་རྐྱེན། མཁའ་དབུགས་གཙང་མ་བཅས་འཚོ་བའི་ཆ་རྐྱེན་གང་ཡང་མེད་དུ་མི་རུང་ཞིང་། དེང་སང་ཆུ་དང་མཁའ་དབུགས། འབྲུ་རིགས་དང་སྔོ་ཚོད། ཁོར་ཡུག་ཚང་མ་དུག་གིས་མ་སྦགས་པ་མེད་པའི་གྲོང་དང་གྲོང་ཁྱེར་དུ་གནས་པའི་མི་རྣམས་ལ་ལྟོས་ན་ས་གཙང་ཆུ་གཙང་མཁའ་དབུགས་གཙང་མའི་ཁོར་ཡུག་ཏུ་གནས་པའི་མི་རྣམས་ཅི་འདྲའི་སྐལ་བ་བཟང་བ་མ་རེད་དམ། 
དེ་ཡང་གངས་རིའི་ལྗོངས་ཀྱི་ཁོར་ཡུག་ཕར་ཆེར་ད་ལྟའི་བར་དུ་གདོད་མའི་རང་བྱུང་གི་ཉམས་བཟང་ཤོས་སུ་གནས་ཡོད་ཅིང་། འདབ་ཆགས་རི་དྭགས་རྣམས་ཀྱང་སྐྱེས་རྒྱུད་གཏན་ཆད་དུ་མ་སོང་བ་འདི་ཡང་སངས་རྒྱས་ཆོས་ལུགས་འདི་ཁོ་ནའི་དྲིན་ཡིན།  དཔེར་ན། སངས་རྒྱས་ཆོས་ལུགས་ཀྱིས་སྲོག་གཅོད་སྤོང་བའི་ཁྲིམས་བཅོས་ནས་ལྷ་འདྲེ་ལ་དམར་མཆོད་བྱེད་པའི་གནའ་སྲོལ་བཀག་པ་དང་། རི་རྒྱ་ལུང་རྒྱ་སྡོམ་ནས་ནགས་ཚལ་དང་བྱ་དང་རི་དྭགས་སོགས་སྲུང་སྐྱོབ་བྱས་པས་སྲོག་ཆགས་མང་བོ་སྲོག་ལས་བསྐྱབས་པ། སྒོ་ཕྱུགས་མང་བོ་ཚེ་ཐར་གཏོང་བ། ཁྱི་ལྡོམ་དང་ཉ་དང་འདབ་ཆགས་སོགས་ལ་ཟས་སྦྱིན་གཏོང་བ། རི་དང་མཚོ་སོགས་ལ་ལྷ་རི་དང་བླ་མཚོ་སོགས་ཀྱི་མིང་བཏགས་ནས་རི་སྲུང་མཚོ་སྲུང་བྱེད་ཅིང་། གསེར་སོགས་ས་འོག་གི་གཏེར་བརྐོར་མི་འཇུག་པ་སོགས་ཐབས་སྣ་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱས་པ་འདི་ཁོར་ཡུག་འདིར་གནས་པའི་མི་རྣམས་ལ་ཡུན་རིང་གི་ཕན་བདེ་བླ་ན་མེད་པ་ཞིག་བསྒྲུབས་པ་ཡིན་པར་འཛམ་གླིང་སྤྱིའི་གནས་ཚུལ་ལ་ལྟོས་ན་ཤེས། དེང་སང་མི་སྐོར་ཞིག་གིས་བོད་ཡུལ་དུ་དེང་རབས་ཀྱི་བཟོ་ལས་མ་དར་བ་དེ་བོད་རྗེས་ལུས་ཀྱི་རྟགས་སུ་མཐོང་ཞིང་། དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་སྐྱོན་ཡིན་ཟེར་ཀྱིན་འདུག་མོད། སྤྱི་ཚོགས་ཚན་རིག་གི་མཁས་ཆེན་ལཱ་ཟི་ལོ་ནས་བརྩམས་པའི་གཞུང་གྲགས་ཆེན་《འགྱུར་ལྡོག་ཆེན་པོ》ཞེས་བར། ཨང་རིམ་གསུམ་པའི་རྒྱལ་ཁབ་རྣམས་བཟོ་ལས་སྤེལ་བའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལམ་དེར་ཞུགས་ན་རང་སྲོག་རང་གིས་བཅད་པ་དང་ཁྱད་པར་མེད་ཅེས་གསུངས་ཡོད། །ཨང་རིམ་གསུམ་པའི་རྒྱལ་ཁབ་ནི། ཀྲུང་ཀོ་དང་རྒྱ་གར་སོགས་རྒྱལ་ཁབ་དབུལ་བོ་རྣམས་ལ་གོ་བ་ཡིན། །དེ་ཡང་ཁོར་ཡུག་བརླགས་པའི་རྒྱུ་རྐྱེན་གཙོ་བོ་དེང་རབས་བཟོ་ལས་ཡིན་པའི་གནད་ཀྱིས་དེ་ལྟར་གསུངས་པ་རེད།
གསུམ་པ་སྤྱི་ཚོགས་བདེ་འཇགས་ལ་ཕན་པར་སྒྲུབ་ཚུལ།
དེ་ཡང་གནའ་ནས་ད་ལྟའི་བར་དུ་རྒྱལ་ཁབ་སོ་སོས་ཁྲིམས་འགལ་ལུགས་འགལ་གྱི་ཉེས་སྤྱོད་འགོག་ཅིང་། སྤྱི་ཚོགས་བདེ་འཇགས་སྲུང་བའི་རྒྱལ་ཁྲིམས་མང་དུ་བཟོས་ནས་ཉེས་སྤྱོད་སྐོར་ཅིག་འགོག་གནོན་ཐུབ་ཀྱང་། རྩ་བ་ནས་འགོག་ཐུབ་ཀྱིས་མེད་ལ། དེའི་རྒྱུ་མཚན་ནི་མི་རྣམས་ཀྱི་བྱ་སྤྱོད་བཟང་ངན་ནི་སེམས་ལ་རག་ལས་ཡོད་པས། སྤྱོད་ངན་ཀྱི་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་སོགས་སེམས་ཀྱི་སྟེང་གི་ཉེས་སྐྱོན་དེ་རིགས་མ་སེལ་ན། ལུས་ཀྱི་སྟེང་ནས་ཁྲིམས་ཆད་དྲག་པོ་ཇི་ལྟར་བཅད་ཀྱང་། རྩྭ་མགོ་བྲེགས་ཀྱང་རྩད་པ་ནས་སླར་ཡང་སྐྱེ་བ་བཞིན་དུ་ཁྲིམས་འགལ་ལུགས་འགལ་གྱི་ཉེས་སྤྱོད་ཀྱི་སྐོར་རྩ་བ་ནས་རྒྱུན་གཅོད་པར་མི་ནུས་སོ། །སངས་རྒྱས་ཆོས་ལུགས་ནི་སེམས་འདུལ་བ་གཙོ་བོ་ཡིན་ལ། སེམས་འདུལ་ཟེར་བ་ཡང་སེམས་ཀྱི་སྟེང་གི་ཆགས་སྡང་རྨོངས་པའི་རྩུབ་རེག་གི་དྲི་མ་རྣམས་སེལ་པར་བྱེད་པ་ཡིན། དེ་ཡང་སྡིག་སྤོང་དགེ་སྒྲུབ་ལས་འབྲས་སོགས་ཀྱི་རྒྱུ་མཚན་གོ་བསྐོན་ནས་ཉེས་སྤྱོད་ལས་བསྲུང་ཞིང་ཆགས་སྡང་སོགས་ཀྱི་མགོ་གནོན་པར་བྱེད་པ་དང་། ཤེས་རབ་ཀྱི་གཉེན་པོ་བསྟེན་ནས་དུག་རྩད་བཅོམ་ནས་སེམས་འཇམ་ཞིང་མཉེན་ལ་ཞི་དུལ་བག་ཡོད་དུ་བཏང་བ་ཡིན། མི་རྣམས་རང་སེམས་རང་གིས་བདག་ཐུབ་པར་བྱས་ནས་ཁྲེལ་དང་ངོ་ཚ་ཤེས་ཞིང་། ཞི་དུལ་བག་ཡོད་ཀྱིས་འཚོ་ཞིང་གནས་པ་ནི་སྤྱི་ཚོགས་ཀྱི་ཉེས་སྤྱོད་སེལ་ཞིང་བདེ་འཇགས་འོང་བའི་ཐབས་བླ་ན་མེད་པ་ཡིན། རྒྱའི་མཁས་པ་བང་ལིས་ཞུན་གྱིས་བྲིས་པའི་རྩོམ་ཡིག་ཅིག་ཏུ།" དེ་ཡང་ཆོས་ལུགས་ནི་ནང་སེམས་ཀྱི་ཉེན་རྟོག་དམག་ཡིན། ནང་སེམས་ཀྱི་ཉེན་རྟོག་དམག་མེད་ན། ཕྱི་ཡི་ཉེན་རྟོག་དམག་ཅི་ཙམ་མང་ཡང་སྤྱི་ཚོགས་ཀྱི་ཁྲིམས་འགལ་ཉེས་སྤྱོད་འགོག་མི་ཐུབ་"ཅེས་པ་གནད་ལ་ཐིག་པའི་གཏམ་རེད། ཨ་རིའི་གཙོ་འཛིན་པུའུ་ཧྲིས་ཆིན་ཧྭ་སློབ་གྲྭ་ཆེན་མོར་གནང་བའི་གསུང་བཤད་དུ། "ང་ཚོའི་རྒྱལ་ཁབ་ཀྱི་འཚོ་བར་ཆོས་ལུགས་ཀྱི་ཕན་རྐྱེན་ཐེབས་པ་དང་། ཆོས་ལུགས་ཀྱིས་ངེད་ཅག་ལ་ཀུན་སྤྱོད་བཟང་བོའི་ལམ་བསྟན་ཅིང་། ཀུན་སྤྱོད་དེ་ནི་ཁྲིམས་ལུགས་ལས་བརྒལ་ཞིང་མི་རྣམས་ལ་དངོས་རྫས་ཀྱི་ཕན་ཁེ་ལས་ལྷག་པའི་རླབས་ཆེན་གྱི་དགོངས་དོན་ཞིག་ལ་འབད་དགོས་པའི་ལམ་ཞིག་བསྟན་པ་རེད། དེའི་སྟབས་ཀྱིས་ཆོས་ལུགས་དད་མོས་ཀྱི་རང་དབང་ནི་དགའ་འོས་པ་ཞིག་ལས།  སྐྲག་འོས་པ་ཞིག་མིན། དེའི་རྒྱུ་མཚན་ཡང་ཆོས་ལུགས་ནི་ཀུན་སྤྱོད་ཀྱི་ཁུངས་སྟོན་ཅིང་། མི་རྣམས་རང་གི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། གཞན་ལ་བྱམས་སྙིང་རྗེ་བསྐྱེད་ནས་ཕན་བདེ་ཇི་ལྟར་སྒྲུབ་པ་དང་། ཚུལ་མཐུན་གྱི་འཚོ་བར་རོལ་བ་སོགས་ཀྱི་ཁག་ཐེག་བྱེད་དགོས་པ་སོགས་བསྟན་པ་རེད" ཅེས་དང་། ཡང་། "དངོས་རྫས་ཀྱི་ཕན་ཁེ་ཁོ་ནར་སེམས་འཁོར་བའི་ལུགས་དེས་ང་ཚོའི་རྒྱལ་ཁབ་དང་སྤྱི་ཚོགས་ལ་གནོད་བསྐྱལ་ཞིང་། དཔལ་འབྱོར་དར་བའི་རྒྱལ་ཁབ་མང་བོར་གནོད་སྐྱོན་ཐེབས་ནས་འདུག"ཅེས་གསུངས་སོ། །ཧྥ་རན་ཟིའི་མཚན་ཉིད་ཀྱི་གཞུང་ལུགས་སྨྲ་བ་གྲགས་ཆེན་ཧྥུར་ཐེ་ནས། "ཀུན་སྤྱོད་ཕྱོགས་ལ་ལྷ་མེད་རིང་ལུགས་ལས། ལྷ་ཡོད་རིང་ལུགས་བཟང། རྒྱལ་ཁྲིམས་ཀྱིས་ཆད་པ་གཅོད་མི་ནུས་པའི་ཉེས་པའི་སྐོར་དེ་ལྷས་ཆད་པ་གཅོད་ནུས་པས་མང་ཚོགས་ལ་ཤིན་ཏུ་ཕན་"ཞེས་དང་། "ང་རང་གིས། ཆོས་ལ་མི་དད་པའི་མི་ལ་ལྟོས་ན། ཆོས་ལ་དད་པའི་མི་རྣམས་ཀྱི་ནང་དུ་རྒྱུ་འབྲས་དྲང་བདེན་གྱི་སྤྱོད་པ་ལྷུར་ལེན་པ་མང་དུ་མཐོང་བྱུང་"ཞེས་བཤད་དོ། །གོང་གསལ་གྱི་གསུང་ཚུལ་འདི་དག་ལས་ཀྱང་ཆོས་ལུགས་མི་མང་གི་བསམ་པ་དང་ཀུན་སྤྱོད་ལེགས་བཅོས་ཕྱོགས་ལ་ཕན་པ་དང་། ཚན་རིག་དང་སྟོབས་འབྱོར་ཇི་ལྟར་དར་ཡང་ཆོས་ལུགས་དད་མོས་མེད་དུ་མི་རུང་བའི་གནས་ལུགས་གལ་ཆེན་ཞིག་བསྟན་པ་རེད།
དོན་དྲིལ་ན། སྤྱི་ཚོགས་དར་རྒུད་དང་སྐྱིད་སྡུག་ནི་མི་རྣམས་ལ་རག་ལས་ཤིང་། མི་ཡི་བཟང་ངན་དང་མཁས་བླུན། བྱ་བ་སྒྲུབ་པའི་ནུས་པ་ཆེ་ཆུང་ཚང་མ་སེམས་ཀྱི་སྟེང་གི་ཁྱད་པར་ཡིན། སངས་རྒྱས་ཆོས་ལུགས་ཀྱི་དོན་མདོར་བསྡུས་ན་སེམས་སྦྱོང་བདར་བྱེད་པ་ལས་མེད་ལ། སེམས་སྦྱོང་བའི་དམིགས་ཡུལ་ནི། སེམས་བཟང་བར་བྱེད་པ་དང་། སེམས་གསལ་བར་བྱེད་པ་གཉིས་ཡིན། བྱེད་ལས་དང་དམིགས་ཡུལ་དེ་དག་མཐའ་གཅིག་ཏུ་མི་རིགས་དང་སྤྱི་ཚོགས་ལ་ཕན་པ་ལས་གནོད་པ་མེད་དོ། །སོང་ཙང་ང་ཚོས་ནང་ཆོས་འདི་ཚོང་རྫས་ལྟ་བུ་ཞིག་གམ། ཡང་ན་ལྟོ་གོས་རག་བྱེད་ཞིག་གི་ངོ་བོར་མི་འཛིན་པར་འགྲོ་བ་མིའི་སྤྱི་ཚོགས་འདི་ལྷིང་འཇགས་དང་ཞི་བདེའི་གནས་ཤིག་ཏུ་འཁྲིད་བྱེད་ནོར་བུ་དགོས་འདོད་ཀུན་འབྱུང་ཞིག་ཏུ་བསམས་ནས་ཐོས་བསམ་བྱེད་པ་དང་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་ལ་ཕན་འབྲས་ཐུབ་པར་འབད་རོགས་ཞེས་ཞུ་རྒྱུ་ཡིན། 
ལྔ་པ།
དུས་རབས་དང་མཐུན་པའི་སྐད་ཡིག་འཕེལ་འགྱུར་གྱིས་མི་རིགས་སྲུང་སྐྱོབ་བྱེད་ཐུབ།
ཆོས་ལྡན་ཞིང་གི་ཆོས་སྲིད་བྱ་བ་ཀུན།།
ཆོས་དང་མཐུན་ཞིང་ཆོས་བཞིན་སྐྱོང་བ་ཡི།།
ཆོས་རྒྱལ་རིམ་བྱོན་ཆོས་ཀྱི་བློན་པོ་སོགས།།
ཆོས་བསྒྱུར་ལོ་ཆེན་ཆོས་ཀྱི་རྗེ་རྣམས་མཆོད།།

ཅེས་པའི་ཚིགས་སུ་བཅད་པས་མདུན་བསུས་ཏེ་གླེང་བར་བྱ་་བ་ནི་༼དུས་རབས་དང་མཐུན་པའི་སྐད་ཡིག་འཕེལ་འགྱུར་གྱིས་མི་རིགས་སྲུང་སྐྱོབ་བྱེད་ཐུབ་ཅེས་པའི་སྐོར་རོ། ༽དེ་ཡང་སྤྱིར་བརྗོད་གཞི་འདི་ནི་མི་རིགས་ཤིག་གི་སྐྱེ་འཆི་དང་འབྲེལ་བ་ཡོད་པ་ཞིག་ཡིན་དུས། ཁོ་བོ་ལྟ་བུ་ཞིག་གིས་དེའི་ཐོག་ལ་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་དཔྱད་བསྡུར་དང་དཔྱད་གཏམ་སྤེལ་རྒྱུའི་གདེང་ཚོད་དང་སྤོབས་པ། ཤེས་འཇོན་སོགས་གང་ཡང་མེད་ན་ཡང་། དེ་རིང་སྐབས་སུ་བབ་པ་བརྗོད་གཞི་དེའི་ཐོག་ལ་བཀའ་མོལ་ཞིག་ཞུ་དགོས་ཀྱི་ཡོད་པ་ཡིན་དུས། བསམ་བློའི་ནང་ལ་གང་དྲན་པ་དང་། རྣམ་རྟོག་ལ་གང་འཆར་བ་དེ་བཅས་དེ་གུང་འགྲིག་པོ་དང་། གོ་རིམ་དང་ལྡན་པ་ཞིག་ཏན་ཏན་རང་ཡོང་གི་མ་རེད་བསམ་གྱི་འདུག སོང་བ་ཡིན་ཙང་། གུས་པས་ཁྱེད་རྣམ་པའི་མདུན་དུ་བཀའ་མོལ་ཞུ་བའི་བརྒྱུད་རིམ་གྱི་ནང་ལ་རང་ཚིགས་སྔ་ཕྱི་འགལ་བ་དང་། སྐབས་དོན་འབྲེལ་མ་ཆགས་པའི་གནད་དོན་གྱི་རིགས་བྱུང་སོང་བ་ཡིན་ན་འདིར་བཞུགས་གཟུར་གནས་དཔྱོད་ལྡན་རྣམ་པས་བཟོད་གསོལ་གནང་རོགས་གནང་ཞེས་འབོད་བཀོལ་ཞུ་རྒྱུ་ཡིན། དུས་རབས་དང་མཐུན་པའི་སྐད་ཡིག་འཕེལ་འགྱུར་གྱིས་མི་རིགས་སྲུང་སྐྱོབ་བྱེད་ཐུབ་མིན་གྱི་རྣམ་དབྱེ་དེ་འཆད་པར་བྱ་བ་ལ་ཐོག་མར་མི་རིགས་དེ་དང་། མི་རིགས་དེས་སྤྱོད་བཞིན་པའི་སྐད་ཡིག་གཉིས་པོའི་བར་གྱི་འབྲེལ་ལམ་དེ་ངོས་འཛིན་ཐུབ་པ་གནང་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག སོང་ཙང་། གུས་པས། བོད་ཀྱི་སྐད་ཡིག་གི་ངོ་བོ། བོད་ཀྱི་སྐད་ཡིག་གི་དར་རྒུད་དང་། དེའི་རྒྱུ་རྐྱེན་གླེང་བ། དེ་ཉིད་འགོག་ཐབས་དང་མཇུག་བསྡུ་བ་བཅས་དོན་ཚན་གསུམ་གྱི་སྒོ་ནས་དུས་རབས་དང་མཐུན་པའི་སྐད་ཡིག་འཕེལ་འགྱུར་གྱིས་མི་རིགས་སྲུང་སྐྱོབ་བྱེད་ཐུབ་པའི་སྐོར་དེ་གསལ་བཤད་ཞུ་འདོད་བྱུང་། 
དང་པོ། བོད་ཀྱི་སྐད་ཡིག་གི་ངོ་བོ་བརྗོད་པ། 
ད་ལྟ་ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཀྱི་སྐད་ཡིག་འདི་གང་འདྲ་ཞིག་ལ་ངོས་འཛིན་གནང་དགོས་ཀྱི་ཡོད་རེད་ཅེ་ན། དུས་རབས་བདུན་པའི་དཀྱིལ་ཙམ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་མངགས་ལྟར་སློབ་དཔོན་ཐོན་མི་སམ་བྷོ་ཊས་ངལ་བ་དུ་མ་ཁྱད་བསད་ཀྱིས་རྒྱ་གར་དུ་བྱོན་ནས་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བྱིན་ལ་སོགས་པའི་རྒྱ་གར་གྱི་སློབ་དཔོན་མང་པོའི་ཞབས་ལ་གཏུགས་ནས་བོད་ཀྱི་སྐད་ངག་གི་གདངས་ཆགས་ཚུལ་དང་། བོད་མིའི་སྡེབ་སྦྱོར་ཆགས་ཚུལ་སོགས་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་ནས་བོད་རང་གི་སྐད་ལ་ཉེ་བར་མཁོ་བའི་དབྱངས་བཞི་འམ་ལྔ་དང་། གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་བརྡ་སྤྲོད་པའི་རྣམ་གཞག་ཞིག་གཏན་འབེབས་མཛད་ཡོད་པ་དང་། དེ་འདྲའི་བརྡ་སྤྲོད་ཀྱི་རྣམ་གཞག་དེ་ལ་བརྟེན་ནས་བཤད་དགོས་པ་དང་། འབྲི་དགོས་པའི་ཡི་གེ་དེ་ལ་བོད་ཀྱི་སྐད་དང་། བོད་ཀྱི་ཡི་གེ་ཞེས་ཚད་འཛིན་བྱ་འོས་པ་ལས། བོད་པའི་ཁ་ནས་ཐོན་པའི་ངག་ཡོད་ཚད་དང་། བོད་པའི་ལག་པས་བྲིས་པའི་གཟུགས་རིས་ཡོད་ཚད་ལ་བོད་སྐད་དང་། བོད་ཡིག་མི་ཟེེར། སོང་བ་ཡིན་ཙང་། ངེས་པར་དུ་བོད་པའི་བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་པ་བྱས་ནས་བཤད་དགོས་པ་དང་། འབྲི་དགོས་པའི་ཡི་གེ་གཉིས་པོ་དེ་ཉིད་ལ་བོད་ཀྱི་སྐད་ཡིག་ཅེས་ངོས་འཛིན་བྱེད་དགོས་ཀྱི་རེད་སྙམ།
གཉིས་པ། བོད་ཀྱི་སྐད་ཡིག་གི་དར་རྒུད་དང་དེའི་རྒྱུ་རྐྱེན་གླེང་བ། 
རང་ཅག་ཁ་བ་གངས་ཅན་ལྗོངས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ནས་དབུ་འཛུགས་ཀྱིས་ད་ལྟའི་དུས་རབས་ཉེར་གཅིག་པའི་བར་ལ་བོད་ཀྱི་སྐད་ཡིག་གཉིས་པོ་ལ་དར་རྒུད་སྣ་ཚོགས་པ་ཞིག་བྱུང་ཡོད་པ་ཡིན་ན་ཡང་། དེ་ཙམ་གྱི་ཉེན་ཁ་ཆེན་པོ་དང་། འགག་རྩ་ཞིག་ད་ལྟའི་དུས་སྐབས་ནང་ལ་བྱུང་བ་ནང་བཞིན་ཞིག་བྱུང་ཡོད་མ་རེད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་གོ་གྲངས་ནས་བྱས་ཏེ་དུས་རབས་ཉེར་གཅིག་པའི་མགོ་སྟོད་ཙམ་གྱི་བར་དུ་བོད་ཀྱི་སྣོད་བཅུད་གཉིས་ཀ་ཧ་ཅང་གི་ཛ་དྲག་པོའི་གནས་སྟངས་ཤིག་གི་འོག་ཏུ་ལྷུངས་པ་དེས་རྐྱེན་པས། བོད་པའི་སྐད་ཡིག་ལ་ཡང་རང་བཞིན་གྱིས་སྔར་མེད་ཀྱི་ཉམས་ཆགས་ཤུགས་ཆེན་པོ་ཞིག་འགྲོ་དང་འགྲོ་བཞིན་ཡོད་པ་དེ་ང་ཚོ་ཚང་མའི་མཐོང་ཆོས་ལ་གྲུབ་བསྡད་པའི་དངོས་ཡོད་ཀྱི་གནས་སྟངས་ཤིག་ཡིན་པ་ལས་ལྐོག་འགྱུར་གྱི་བཟོ་འདྲ་པོ་དེ་འདྲ་གང་ཡང་མ་རེད། དུས་རབས་བདུན་པ་ནས་བཟུང་སྟེ་སློབ་དཔོན་ཐོན་མི་སམ་བྷོ་དྲས་སཾ་ཌྲི་ཏ་དང་པཱ་ལིའི་སྐད་ཡིག་སོགས་དང་དཔུང་པ་མཉམ་གཤིབ་བྱས་ནས་མཉམ་དུ་བསྐྱོད་ཐུབ་པའི་འཛམ་གླིང་སྐད་ཡིག་བྱེ་བའི་ཁྲོད་ནས་ཆེས་འོད་དུ་འཚེར་བའམ་ཆེས་འབུར་དུ་ཐོན་པའི་བོད་པའི་སྐད་ཡིག་འདི་ཉིད་གསར་གཏོད་མཛད་པ་དང་། སྐད་ཡིག་ཅིག་གསར་གཏོད་མཛད་པ་ཙམ་དུ་མ་ཚད་པའི་སྐད་ཡིག་དེ་ཉིད་ཀྱི་སྲོག་རྩ་ཡུན་དུ་གནས་པའི་ཆེད་དུ་ཧ་ཅང་གིས་གཞི་རྒྱ་ཆེ་ལ་ཕུ་ཐག་རིང་པོའི་འཆར་གཞི་དང་ལྡན་པའི་སྒོ་ནས་སྐབས་དེར་འཇིག་རྟེན་ཁྱོན་ཡོངས་ཀྱི་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ནང་ནས་རིགས་པ་བཞིས་ལེགས་པར་བརྟག་པ་ན་ཉེས་སྐྱོན་གྱི་ཆ་ཕྲ་མོ་ཙམ་ཡང་མ་གོས་ཤིང་། ཐར་འདོད་ཀྱི་སྐྱེ་བོ་རྣམས་འཁོར་བའི་མེ་དོང་ལས་གྲོལ་བར་བྱེད་པའི་ཐབས་ཚུལ་ཆ་ཚང་བ་ཕྱིན་ཅི་མ་ལོག་པར་གསལ་བའི་ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་གནང་མཛད་རྒྱུའི་ཐུགས་ཐག་བཅད་དེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་མཚོན་པའི་རྗེ་བློན་བྱང་ཆུབ་སེམས་དཔའ་རྣམ་པ་དང་། བཀའ་དྲིན་ཅན་གྱི་ལཽ་ཙཱ་བ་རྣམ་པས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་མེད་དུ་བཏང་གནང་མཛད་དེ་གངས་ལྗོངས་ས་མཐོའི་གནམ་འོག་ཏུ་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་བོད་ཀྱི་སྐད་ཡིག་ལ་བརྟེན་པའི་ནང་པ་སངས་རྒྱས་པའི་དམ་པའི་ཆོས་ཀྱི་ཉི་འོད་ཀྱིས་མ་ཁྱབ་པ་མེད་པར་མཛད་དེ་རང་རེ་ཁ་བ་གངས་ཅན་པ་རྣམས་ཀྱི་འཕྲལ་ཕུག་གི་དགོས་དོན་ཅི་ཞིག་བསྒྲུབ་པ་ལ་འཛམ་གླིང་ཁྱོན་ཡོངས་ཀྱི་རིག་པའི་གཞུང་ལུགས་གང་ལ་ཡང་ནམ་ཡང་འགྲམ་ཆུ་ལྡང་མི་དགོས་པའི་གནས་སུ་མཛད་ཡོད། ཡིན་ན་ཡང་། མགོ་ནག་མིའི་དགོས་མཁོ་ལ་མཚམས་དང་ཚད་ཡོད་ཀྱང་། མིའི་འདོད་སེམས་ལ་ས་མཚམས་ཀྱི་བར་དུ་མ་ཆོད་པ་ཡིན་ཙང་། དུས་ཀྱི་རྦ་རླབས་ཇེ་ཆེ་ནས་ཇེ་ཆེར་གཡོ་བཞིན་པ་དང་ཕྱོགས་མཚུངས་མིའི་འདོད་སེམས་ཀྱང་ཇེ་ཆེ་ནས་ཇེ་ཆེར་འཕེལ་བ་སོགས་ལ་བརྟེན་ནས་དཔལ་འབྱོར་གྱི་འགྲན་རྩོད་སོགས་ཀྱི་མེ་ཕུང་ཚ་ཚ་འུར་འུར་དུ་འབར་བཞིན་པའི་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ལ་འུ་ཅག་བོད་པ་ཚང་འདི་ཅུང་ཟད་རྗེས་ལུས་སུ་ཐེབས་ཡོད་པ་འདི་ཡང་ཁས་མ་ལེན་རང་ལེན་གྱི་གནས་སྟངས་ཤིག་ཏུ་ཆགས་བསྡད་ཡོད་པ་རེད། སོང་བ་ཡིན་ཙང་། ང་ཚོས་ཅུང་ཟད་ཞིབ་མོའི་ལུགས་སུ་བྱས་ནས་ལན་གཅིག་བརྟག་པ་ཡིན་ན། གནད་འགག་ཐུག་ས་འདྲ་པོ་དེ་འཛམ་བུ་གླིང་སྤྱིའི་འགྱུར་འགྲོས་དང་ལྷན་དུ་ང་ཚོ་བོད་པ་ཚོས་མཉམ་དུ་བསྐྱོད་མ་ཐུབ་པ་བྱས་ནས་ལྷག་བསྡད་པའམ་དུས་རབས་དང་སྤྱི་ཚོགས་གཉིས་པོའི་བར་གྱི་སྟོང་ཆ་དེ་དུས་ཐོག་ལ་བསྐངས་མ་ཐུབ་པ་སོང་ཙང་། སྤྱི་ཚོགས་འདིའི་ནང་ལ་གནས་པའི་མིའི་དགོས་མཁོ་ཡང་རང་ལ་དབང་བའི་སྐད་ཡིག་གཉིས་པོས་སྒྲུབ་ཐུབ་ཀྱི་མེད་པའམ། རང་གི་སྐད་ཡིག་ལ་བརྟེན་ནས་སྒྲུབ་ཤེས་ཀྱི་མེད་པ་དེས་རྐྱེན་པས་སྐད་ཡིག་གཞན་དང་། སྐད་ཡིག་གཞན་ལ་བརྟེན་པའི་རིག་གནས་ལ་འགྲམ་ཆུ་མ་ལྡང་རང་ལྡང་ཆགས་འགྲོ་བའི་གནས་སྟངས་འདི་བྱུང་གི་ཡོད་རེད་བསམས་ཀྱི་འདུག སོང་བ་ཡིན་ཙང་། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཕལ་མོ་ཆེ་བས་གཅིག་ནས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་། གཉིས་ནས་རང་གི་ཕུགས་སམ་དང་། བྱ་གཞག མདུན་ལམ་བཅས་ཀྱི་ཆེད་དུ་སྐད་ཡིག་གཉིས་པ་དང་གསུམ་པ་ཞིག་ལ་ལག་པ་མ་འཆང་རང་འཆང་དང་། སྐད་ཡིག་གཞན་ལ་བརྟེན་པའི་རིག་གནས་ལ་ཡང་མ་སྦྱང་རང་སྦྱང་གི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད་བསམས་ཀྱི་འདུག འདི་བསམས་པ་ཙམ་མ་ཡིན་པར་གཅིག་བྱས་ན་དོན་ལ་ཡང་གནས་ཡོད་མདོག་ཁ་པོ་རེད། སོང་བ་ཡིན་ཙང་། ང་ཚོ་བོད་པའི་སྐད་ཡིག་གི་སྐུ་ཚེ་ཡུན་དུ་བརྟན་དགོས་ན། ངེས་པར་དུ་ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཕྱིའི་རིག་གནས་གསར་པ་དེ་དག་གི་སྙིང་བཅུད་ལེན་ཤེས་པ་བྱེད་དགོས། དེ་ཡང་། ཚན་རིག་དང་། ཚོང་རིག འཕྲུལ་རིག གསོ་རིག དཔལ་འབྱོར། ཁྲིམས་ལུགས་སོགས་ཀྱིས་མཚོན་པའི་ཤེས་བྱའི་རྣམ་གྲངས་གང་འདྲ་ཞིག་ལ་ཡང་ང་ཚོས་རང་གི་མངོན་འདོད་བཞིན་བོད་རང་གི་སྐད་ཡིག་ནང་ལ་ཆ་ཚང་གསལ་པོ་བྱས་ནས་གཟིགས་ཐུབ་པ་ཞིག་འབྱུང་གི་ཡོད་ན། ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་བོད་པའི་སྐད་ཡིག་གི་གནས་བབ་འདི་ཏན་ཏན་ད་ལྟ་ནང་བཞིན་གྱི་ཐབས་ཆག་པོ་འདི་འདྲ་ཞིག་གི་གནས་སུ་ལྷུངས་ཡོད་རྒྱུ་མ་རེད་བསམས་ཀྱི་འདུག མི་ལོ་ཆིག་སྟོང་གསུམ་བརྒྱའི་གོང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་དབུ་འཛུགས་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་ནང་འདྲེན་མཛད་དེ་བོད་འདིར་སྔར་མེད་ཀྱི་ཉི་མ་གསར་པ་ཞིག་ཤར་དུ་བཅུག་གནང་ཡོད། དེ་ནས་རིམ་པས་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་། བཀའ་དྲིན་ཅན་གྱི་ལཽ་ཙཱ་བ་རྣམ་པས་རིམ་པས་རིམ་པས་དུས་ཀྱི་འགྱུར་འགྲོས་ལ་གཟིགས་དེ་བཅོས་བསྒྱུར་དང་གསར་གཏོད་མང་དུ་མཛད་དེ་བོད་འདིར་རིག་གནས་ཆེ་ཆུང་གིས་མཚོན་པའི་འཚོ་བའི་དགོས་མཁོ་དང་བསྟུན་ཏེ་ཤེས་བྱའི་རྣམ་གྲངས་ཧ་ཅང་གི་མང་པོ་གསར་གཏོད་དང་ནང་འདྲེན་མཛད་དེ་འཛམ་གླིང་ཧྲིལ་པོའི་སྟེང་རྒྱལ་ཁབ་དང་མི་རིགས་སུ་ལ་ཡང་མགོ་བོ་བསྒུར་མི་དགོས་པ་བྱས་ནས་བསྡད་རྒྱུའི་དུས་ཤིག་ཤར་ཡོད་པ་དེ་ཡང་མངོན་གསུམ་རང་རེད། ཡིན་ན་ཡང་། སྟབས་ཉེས་པ་ཞིག་ལ། ང་དགུ་ལོའི་དུས་ངན་དང་། ང་དགུའི་གོང་གི་དཔོན་ངན་འགའི་བྱས་ཉེས་ལས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ད་ལྟའི་ཛ་དྲག་གི་གནས་སུ་ལྷུངས་པ་མ་ཟད་རྩ་ཆེའི་རིན་བྲལ་གྱི་བོད་ཀྱི་སྐད་ཡིག་གཉིས་པོའི་ཚེ་སྲོག་ཀྱང་འགག་ལ་ཉེ་བའི་གནས་སུ་གྱར་ཡོད། 
གསུམ་པ། དེ་ཉིད་འགོག་ཐབས་དང་མཇུག་བསྡུ་བ།
སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་བླ་ན་མེད་པ་ཡིན་གཤིས། མི་རིགས་ཀྱི་མཚོན་དོན་གཅིག་པུ་དེ་ཡིན་པས་དེ་ཉིད་ཉམས་ན་སྐད་ཡིག་དེ་ལ་བརྟེན་པའི་མི་རིགས་དེ་ཡང་རང་བཞིན་གྱིས་ཉམས་འགྲོ་རྒྱུ་ཡིན་པ་ནི་བཟློག་ཏུ་མེད་པའི་དངོས་པོའི་གཤིས་ལུགས་ཤིག་ཡིན་པར་སོང་། ད་ཕན་ཆད་ཀྱི་སྤྱི་ཚོགས་དང་མི་རིགས་གཉིས་པོའི་བར་གྱི་སྟོང་ཆ་ཡོད་ཚད་ཁ་བསྐང་བྱས་ཏེ་རང་མི་རིགས་ཀྱིས་རང་གི་སྐད་ཡིག་ལ་བརྟེན་ནས་རང་གི་རྐང་པའི་ཐོག་ཏུ་ལངས་ཐུབ་པ་ཞིག་ངེས་པར་དུ་གནང་དགོས་པས་དེང་རབས་ཚན་རིག་དང་། ཚོང་རིག འཕྲུལ་རིག གསོ་རིག དཔལ་འབྱོར། ཁྲིམས་ལུགས་སོགས་མི་རིགས་འདིའི་དགོས་མཁོར་འཚམས་པའི་ཕྱིའི་རིག་གནས་གསར་པ་དག་གི་སྙིང་བཅུད་རང་གི་སྐད་ཡིག་གི་ཁོག་པའི་ནང་དུ་འདྲེན་དེ་ཕྱིས་འབྱུང་གིི་མི་རབས་ཕྱི་མ་ཚོས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་རྣམ་གཞག་གང་འདྲ་ཞིག་ལ་ཐོས་བསམ་སློབ་གཉེར་གནང་དགོས་ཀྱི་ཡོད་པ་ཡིན་ན་ཡང་མི་རིགས་རང་གི་སྐད་ཡིག་ལས་གཞན་པའི་སྐད་ཡིག་གཞན་ལ་མགོ་བོ་བསྒུར་མི་དགོས་པའི་ཁོར་ཡུག་ཅིག་ངེས་པར་དུ་བསྐྲུན་དགོས་པ་ལས་སྔོན་སོང་གོང་མའི་ཡུལ་གོམས་གཤིས་ལུགས་རྙིང་པ་ཕན་ཐོགས་མེད་པ་དག་ངེས་པར་དུ་དུས་ཐོག་ལ་ཕྱིར་དོར་བྱེད་དགོས་པ་ལས་སྔ་མའི་ལུགས་སྲོལ་རེད་ཅེས་ཤི་འཐམ་རོ་འཐམ་གྱིས་ལྐུགས་པའི་ཨུ་ཚུགས་བྱས་ནས་བསྡད་རྒྱུའི་དུས་ཚོད་ཅིག་གཏན་ནས་མིན། མཐའ་དོན། མི་རིགས་ཤིག་གི་སྐྱེ་འཆི་ནི་མི་རིགས་དེའི་སྐད་ཡིག་གི་དར་རྒུད་ལ་རག་ལས་པར་སོང་། རང་ཅག་བོད་ཁ་བ་གངས་ཅན་པའི་སྐད་ཡིག་འདི་ཉིད་ཡར་ངོའི་ཟླ་བ་བཞིན་དུ་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བ་དང་། གནའ་དེང་ཟུང་འབྲེལ་གྱི་ཤེས་བྱའི་དཔལ་ཡོན་གྱིས་ཁྱབ་པའི་གངས་ལྗོངས་གསར་པ་ཞིག་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་དང་བཅས། འབྲས་བློ་ཆོས་རིག་འཛིན་སྐྱོང་སློབ་གྲྭའི་སློབ་ཟུར་ཀུན་གྱི་གྲལ་མཐར་གཏོགས་པ་ཚ་བ་ཚེ་དཔག་རྡོ་རྗེ་པས། 

དྲུག་པ།

༄། །དེང་སང་སྤྱི་ཚོགས་ཀྱིས་གྲྭ་པ་ལ་ལྟ་ཚུལ།
གཏམ་བཤད་པ། གོ་སྐབས་གསུམ་པ་བསྟན་འཛིན་ཕུལ་བྱུང་།
སྤྱིར་བཏང་མི་སུ་ཡིན་རུང་སྐྱོན་གྱི་ཆ་དང་ཡོན་ཏན་གྱི་ཆ་གཉིས་ཡོད་པ་སྨོས་མ་དགོས་པ་རེད། ཡིན་ན་ཡང་ནམ་རྒྱུན་སྤྱི་ཚོགས་ནང་་མཐོང་ཚུལ་ལ་སྐྱོན་དེ་ཚོ་འཚོལ་མི་དགོས་པར་རང་བཞིན་གྱི་མཐོང་སླ་བ་དང་། ཡོན་ཏན་དེ་ཚོ་རང་བཞིན་གྱི་མཐོང་ཁག་པ་ཡིན་དུས་སྐྱོན་དང་ཡོན་ཏན་གཉིས་ཀའི་སྒོ་ནས། དེང་སང་སྤྱི་ཚོགས་ཀྱིས་གྲྭ་པ་ལ་ལྟ་ཚུལ་བཤད་དགོས་ཡ་དེ་གལ་ཆེན་པོ་མཐོང་སོང་། གང་ཡིན་ཞེ་ན་སྐྱོན་གཅིག་པོ་བཤད་ན་སྐྱོན་གྱི་ཆ་མ་གཏོགས་ཡོན་ཏན་ཇི་ཙམ་ཡོད་རུང་མཐོང་མི་ཐུབ་པ་དང་། ཡང་ཡོན་ཏན་གཅིག་པོ་བཤད་ན་སྐྱོན་ཇི་ཙམ་ཡོད་རུང་མཐོང་མི་ཐུབ་པ་ཡིན་ཙང་། སྐྱོན་དང་ཡོན་ཏན་གཉིས་ཀ་གཤིབ་སྡུར་འདྲ་བྱེད་ནས་བཤད་ཀྱི་ཡིན། དེ་ཡང་གནའ་སྔ་མོ་ཞིག་ལ་གྲྭ་པ་ལ་ཞེ་བོ་གཅིག་ཡོད་རེད་ཟེར་བ་འདྲ་བོ་དང་དངོས་ཡོད་དང་མི་མཐུན་པའི་གྲྭ་པ་ལ་ཞེ་བོ་གཅིག་ཡོད་རེད་ཟེར་བ་ལྟ་བུ་མ་ཡིན་པར། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་སྒྲོ་འདོགས་དང་སྐུར་འདེབས་སྤངས་ཏེ་དེང་སང་ང་ཚོ་བོད་ཀྱི་སྤྱི་ཚོགས་ཙམ་མ་ཡིན་པར། སྤྱི་ཡོངས་ཀྱི་སྤྱི་ཚོགས་ནང་ལྟ་ཚུལ་དང་མཐོང་ཚུལ་གང་ཡོད་པ་དེ་སྡེ་ཚན་བཞིར་ཕྱེ་ནས་བཤད་ཀྱི་ཡིན།
དང་པོ་བོད་ནང་གི་བོད་མི་འགའ་ཤས་ཀྱིས་གྲྭ་པ་ལ་སྐྱོན་ལྟ་ཚུལ་ཞུས་པ་ཡིན་ན།
འགོ་བདག་ཅག་གི་སྟོན་པ་ནས་བཟུང་སྟེ་ཁོང་གི་གཏན་ལ་ཕབ་པའི་ལྟ་བ་དང་གྲུབ་མཐའ། དེ་བཞིན་དུ་ཁོང་གི་རྗེས་འབྲང་གྲྭ་པའམ་རབ་བྱུང་ངུར་སྨྲིག་གི་སྡེ་གཙོ་བོར་བཟུང་ནས་དགག་པ་རྒྱག་གི་ཡོད་རེད། དེ་གང་རེད་ཞུས་པ་ཡིན་ན་གྲྭ་པ་ཟེར་བ་དེ་ནང་མི་ཡི་ཁུར་པོ།  སྤྱི་ཚོགས་ཀྱི་ཁུར་པོ། མི་རིགས་ཀྱི་ཁུར་པོ་རེད་ཟེར་གྱི་ཡོད་རེད། དེ་རྒྱུ་མཚན་གང་རེད་ཞུས་ན་གྲྭ་པས་ནང་མིའི་ལས་ཀ་གང་ཡང་ལས་མི་ཤེས་མཁན་སྤྱི་ཚོགས་དང་མི་རིགས་ཀྱི་འགན་ཁུར་གང་ཡང་མེད་མཁན། དེ་ག་ནང་བཞིན་ནང་མི་དང་སྤྱི་ཚོགས་བཤུ་གཞོག་གཏོང་ནས་དཔལ་འབྱོར་འཕྲོ་བརླག་གཏོང་མཁན་དེ་འདྲ་ལབ་ཀྱི་ཡོད་རེད། དེ་ནང་བཞིན་གྱི་གྲྭ་པས་མི་རིགས་འཕེལ་རྒྱས་ལ་གནོད་ཀྱི་འདུག་ཟེར་བ་དང་། ཆོས་སྒྲུབ་ན་འཇིགས་རྟེན་གྱི་གྲལ་ནས་རྗེས་ལུས་ཐེབ་ཀྱི་འདུག་ལབ་ཀྱི་ཡོད་རེད། དེ་དངོས་གནས་རེད་འདུག་གམ་མི་འདུག་དཔྱད་པ་བྱེད་ནས་སོ་སོ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།
གཉིས་པ་བཙན་བྱོལ་ནང་ལ་ཡོད་པའི་བོད་པ་འགའ་ཡིས་གྲྭ་པ་སྐྱོན་ལྟ་ཚུལ།
བཙན་བྱོལ་ནང་གྲྭ་པ་ལ་སྐྱོན་ལྟ་ཡ་དེ་གྲྭ་པ་འགའ་ཤས་ཀྱིས་འགྲོ་སྟངས་བྱེད་སྟངས་ལ་བརྟེན་ནས་སྤྱི་ཡོངས་ཀྱི་གྲྭ་པ་ལ་མཐོང་ཚུལ་མི་བདེ་བ་འཕྱ་སྨོད་བྱེད་པ་ལྟ་བུ་དང་། གྲྭ་ཆས་གྱོན་ནས་ཆོས་མིན་གྱི་ལས་བྱེད་མཁན་འགའ་ཤས་ཀྱི་བྱེད་སྟངས་དེ་ཙམ་རྒྱུ་མཚན་བྱས་ནས་སྤྱི་ཡོངས་ཀྱི་གྲྭ་པ་ལ་སྡུག་ཅག་ལྟ་བ། དེ་བཞིན་དུ་དེང་རབས་ཀྱི་ཤེས་ཡོན་མེད་མཁན་ཐ་ན་ཡར་མར་འགྲོ་སྐབས་མེ་འཁོར་འཛིན་བྱང་ཙམ་ཡང་ཉོ་མི་ཤེས་ཁར་མི་ཡི་འགྲོ་སྟངས་དང་སྡོད་སྟངས་མི་ཤེས་པ། དཀའ་ལས་རྒྱག་མི་དགོས་པར་དཔལ་འབྱོར་བག་མེད་ལོངས་སྤྱོད་བྱེད་མཁན་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིས་ཡོད་རེད། དེ་གང་རེད་ཞུས་པ་ཡིན་ན་ཡར་མར་འགྲོ་བའི་སྐབས་སྐད་ཆེན་པོ་རྒྱག་པ། ཕན་ཚུན་ཁ་པར་གཏོང་བའི་སྐབས་སྐད་ཤུགས་ཆེན་པོའི་སྒོ་ནས་སྐད་ཆ་བཤད་པ་དང་། དེ་ག་ནང་བཞིན་གྱིས་ཁ་ལག་དང་འཐུང་ཆུ་རིགས་ཚད་ལས་བརྒལ་བ་ཟ་འཐུང་བྱེད་ཀྱི་འདུག་ཟེར་ནས་གནད་ཚུལ་ཆུང་ཚགས་དེ་ཚོ་ལ་སྐྱོན་ཆེན་པོ་ལྟ་ཡི་ཡོད་རེད། ཡང་གྲྭ་པ་འགའ་ཤས་ཀྱིས་སྤོ་ལོ་རྩེད་མོ་རྩེད་མོ་རྩེ་བ་དང་གཞིས་གྲོང་ཁག་དེ་ཚོ་ལ་ཡར་མར་འཁྱམས་ཡ་དེ་ཚོ་ལ་བརྟེན་ནས་གྲྭ་པ་ཚང་མ་ལ་སྐྱོན་འདོགས་ཡ་སོགས་དེ་ཚོ་གྲྭ་པ་ཚང་མའི་མགོ་ལ་གཡོགས་ཡ་འདུག་མི་འདུག་སོ་སོས་བསམ་གཞིགས་བྱེད་དགོས་རྒྱུ་དེ་གལ་ཆེན་མཐོང་སོང་། 
གསུམ་པ་བོད་ཙམ་མ་ཡིན་པར་སྤྱི་ཡོངས་ནས་ཡོན་ཏན་གྱི་ཐོག་ནས་ལྟ་ཚུལ།
དེང་རབས་ཀྱི་མཚན་རིག་པ་དང་སྨན་པ་དེ་ཚོའི་གྲྭ་པ་ལ་རིན་ཐང་བཞག་ཚུལ་གང་རེད་ཞུས་པ་ཡིན་ན་གཞན་དང་མི་འདྲ་བའི་རྩི་མཐོང་བཞག་གི་ཡོད་རེད། དེ་ཡང་ལབ་པ་ཙམ་གྱིས་མི་ཕན་པར་དངོས་ཡོད་གནས་ཚུལ་གྱི་བདེན་དཔང་ཡོད་རེད། སྤྱིར་འཛམ་བུ་གླིང་ན་ཤེས་ཡོན་ཡོད་མཁན་གྱི་མི་སྣ་ཇི་ཙམ་ཡོད་རེད་ཤེས་ཡོན་མེད་མཁན་གྱི་མི་སྣ་ཇི་ཙམ་ཡོད་རེད། ཡིན་ན་ཡང་ཨ་རི་གཙོས་པའི་ཡར་རྒྱས་འགྲོ་ཟིན་པའི་རྒྱལ་ཁབ་ཀྱི་སློབ་གྲྭ་འཛམ་གླིང་ནས་ཚད་གཞོག་ས་དེ་ཚོའི་ནང་བོད་པའི་བླ་མ་དང་གྲྭ་པ་དེ་ཚོ་གདན་འདྲེན་ཞུ་ནས་སྐད་ཆ་བཤད་འཇུག་པ་དང་དེ་ག་ནང་བཞིན་ནང་ཆོས་དང་མཚན་རིག་བར་བགྲོ་གླེང་བྱེད་རྒྱུ་དང་དེ་བཞིན་དུ་མང་ཚོགས་ཀྱི་ཁྲོད་སྐད་ཆ་བཤད་འཇུག་པ་དང་དྲི་བ་དྲི་ལན་བྱེད་རྒྱུ་དེ་ཚོ་དེ་ག་ཙམ་བོད་པ་ལ་སྙིང་རྗེ་ནས་ཚན་རིག་མཁས་ཅན་དང་ཤེས་ཡོན་ཅན་དེ་ཚོའི་མཉམ་བགྲོ་གླེང་བྱེད་ཀྱི་ཡོད་མ་རེད་བ་་་་་་་། ཨེ་རེད་་་་་། བོད་པའི་བླ་མ་དང་གྲྭ་པ་དེ་ཚོ་ལ་གཞན་དང་མ་འདྲ་བའི་ལེགས་ཆ་དང་བློ་སྐྱེད་ཡོན་ཏན་མང་པོ་ཞིག་ལེན་ཡ་ཡོད་ནས་བགྲོ་གླེང་བྱེད་མཁན་གང་ས་གང་ལ་གདན་འདྲེན་ཞུ། འགྲོ་སོང་མང་པོ་བཏང་། དུས་ཚོད་མང་པོ་བཏང་། དེ་འདྲ་བྱེད་ཀྱིན་པ་དེ་ཚོ་དེ་ག་ཙམ་བྱེད་ཀྱི་ཡོད་པ་མ་རེད། དེ་ག་ནང་བཞིན་གྱི་སེམས་དང་སྲོག་གི་བགྲོ་གླེང་༸གོང་ས་མཆོག་གིས་གོ་སྒྲིག་ཞུས་ནས་ད་ལྟའི་བར་ཕྱི་རྒྱལ་ཚན་རིག་པ་ཚོའི་མཉམ་དུ་ལོ་རེ་ལ་ཐེངས་རེར་བགྲོ་གླེང་ཚོགས་ཀྱི་ཡོད་རེད། དེ་ཚོའི་ནང་སྐད་ཆ་བཤད་བགྲོ་གླེང་བྱེད་ཐུབ་མཁན་ཚང་མ་གྲྭ་པ་དང་གྲྭ་ཟུར་རྐྱང་པ་རེད་འདུག་ག་དེ་ཚོ་ཚང་མ་གྲྭ་པའི་ཡོན་ཏན་དང་གྲྭ་པའི་གཟི་བརྗིད་རེད་བསམ་གྱི་ཡོད། དེ་ག་ནང་བཞིན་གྱི་རྒྱལ་ཁབ་མང་པོའི་ནང་བོད་པའི་བླ་མ་དང་གྲྭ་པ་ཚོ་གདན་འདྲེན་ཞུས་ནས་སྨན་ཁང་སྐད་གྲགས་ཅན་འགའ་ཤས་ཀྱི་ནང་སྒོམ་རྒྱག་བརྟགས་དཔྱད་བྱེད་དུས་གྲུབ་དོན་དམིགས་བསལ་བ་དེ་འདྲ་བྱུང་གི་ཡོད་པ་དང་། དེ་བཞིན་བཅོས་མེད་ཀྱི་ནད་པར་གཏན་འབེབས་བྱས་པའི་གྲྭ་པ་འགའ་ཤས་སྒོམ་སྒྲུབ་བྱེད་ནས་ནད་དྲག་སོང་བ་དང་། མངོན་གསལ་དོད་པོའི་སྒོ་ནས་ཕན་གྱི་ཡོད་པའི་གནས་ཚུལ་མང་པོ་གོ་ཡ་དང་མཐོང་ཡ་ཡོད་པ་དེ་ཚོ་གྲྭ་པ་ཚོའི་གཟི་བརྗིད་རེད་བསམ་གྱི་ཡོད། ཡང་འགའ་ཤས་ཀྱིས་དེ་གྲྭ་པ་ཚོའི་ཡོན་ཏན་ཅི་མ་རེད། དེ་ནང་ཆོས་ཀྱི་ཕན་ཡོན་རེད་དྲན་སྲིད་པ་རེད། ཡིན་ཡང་ནང་ཆོས་ལ་ཇི་ཙམ་ཕན་ནུས་ཡོད་པ་དེ་ཙམ་གྱིས་དེ་ཚུལ་བཞིན་དུ་འཆད་ཉན་བྱེད་ནས་བདག་པོ་རྒྱག་མཁན་དེ་ཚོ་རང་བཞིན་གྱི་གཟི་བརྗིད་ཆེན་པོ་དང་ཡོན་ཏན་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
བཞི་པ་སྤྱི་ཡོངས་ཀྱི་བོད་དང་ཧེ་མ་ལ་ཡའི་རིགས་རྒྱུད་ཀྱི་མི་རིགས་རྣམས་ཀྱིས་གྲྭ་པའི་ཡོན་ཏན་གྱི་ཕྱོགས་ནས་ལྟ་ཚུལ།
སྤྱིར་བོད་མི་མང་ཚོགས་དང་ཧི་མ་ལ་ཡི་རི་རྒྱུད་ཀྱི་མང་ཚོགས་རྣམས་ཀྱིས་ཤེས་ཡོན་ཡོད་མེད་དབྱེར་མེད་པའི་ཐོག་ནས་གྲྭ་པ་ལ་ལྟ་སྟངས་ཧ་ཅང་ཡག་པོ་ཡོད་རེད། དེ་ཡང་གྲྭ་པ་རེད་ཟེར་ནས་དད་པ་བཞག་པ་ཙམ་མ་ཡིན་པར་གྲྭ་པ་ཟེར་བ་དེ་བོད་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་བྱེད་མཁན་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་ཐུབ་མཁན། ཤེས་ཡོན་ཅན་ལྷག་བསམ་ཅན་སྤྱི་ཚོགས་ཀྱི་ཞབས་ཞུ་བ་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། གྲྭ་པ་ཚོས་ངོས་ནས་མི་མང་ཆེད་དུ་སློབ་གྲྭ་འཛུགས་པ་དང་། དེ་ཡང་སྐད་ཡིག་སློབ་ས་གཅིག་པོ་མ་ཡིན་པར་ལག་ཤེས་འདྲ་མིན་སློབ་སའི་སློབ་གྲྭ་བཙུགས་པ་དེ་ག་ནང་བཞིན་རྒན་གསོ་ཁང་བཙུགས་པ་དང་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་བ། རིག་གནས་ཉམས་གསོའི་ལས་འགུལ་སྤེལ་བ་སོགས་དོན་ཕན་ལྡན་པའི་སྤྱི་ཚོགས་ཀྱི་ཞབས་ཞུ་ལས་འགུལ་ཧ་ཅང་མང་པོ་སྤེལ་ཡོད་རེད། ལྷག་པར་དུ་གྲྭ་པ་དེ་ཚོ་ལོ་རྒྱུས་ཀྱི་ཐོག་ནས་བོད་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་བྱེད་མཁན་ངོ་མ་དེ་གྲྭ་པ་ཚོ་ཆགས་འདུག་བསམ་གྱི་ཡོད། དེ་གང་རེད་ཞུས་པ་ན་བོད་ལ་ཆ་མཚོན་ན་ཡང་རྩ་ཆེ་ཤོས་དེ་བོད་ཀྱི་རིག་གཞུང་རེད། དེའི་ནང་ནས་ཀྱང་སྐད་ཡིག་གཉིས་དང་བོད་རྒྱུད་ནང་བསྟན་གཉིས་དེ་ཡིན་དུས། དེའི་ཐོག་ལ་སྔར་ནས་ད་ལྟའི་བར་ལོ་རྒྱུས་ཀྱི་བྱུང་རིམ་ཐོག་བལྟས་ན་གྲྭ་པའི་སྡེ་དེ་ཧ་ཅང་བྱས་རྗེས་ཅན་ཞིག་ཆགས་ཡོད་པ་སྨོས་མ་དགོས་པ་རེད། དེ་བཞིན་ལྔ་བཅུ་ང་དགུའི་ལོ་རིག་གནས་གསར་བརྗེ་ཚེས་ནས། ད་ལྟའི་བར་ཆོས་དང་སྐད་ཡིག་གཉིས་ཀ་བསྐྱར་གསོ་བྱེད་མཁན་གཙོ་བོ་དེ་གྲྭ་པ་དང་གྲྭ་པའི་སྡེ་ལས་སློབ་སྦྱོང་བྱས་ནས་ཐོན་མཁན་གྱི་གྲྭ་ཟུར་དེ་ཚོ་ཆགས་ཡོད་དུས་ཆོས་སྲིད་གང་ཡིན་ན་ཡང་བྱས་རྗེས་རླབས་ཆེན་པོ་བཞག་འདུག་བསམ་གྱི་ཡོད།  ལྷག་པར་དུ་དེང་སང་ལ་ཆ་མཚོན་ན་ནང་པ་སངས་རྒྱས་པའི་ཆོས་དེ་ཆོས་ལུགས་གཞན་དང་མ་འདྲ་བའི་དེང་རབས་ཀྱི་སྤྱི་ཚོགས་དང་འཛམ་གླིང་ཞི་བདེའི་ཐོག་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་ལམ་དུ་ཁ་སྒྱུར་མཁན། མཚན་ཉིད་རིགས་པ་དེ་ཚོའི་མཉམ་དུ་གཤིབ་སྡུར་བྱེད་ཐུབ་མཁན་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དུས་དེ་ཤེས་མཁན་དང་རྒྱུད་འཛིན་བྱེད་མཁན་གྲྭ་པ་དེ་ཚོ་ཆགས་ཡོད་དུས། དེས་རྒྱུ་མཚན་གྱིས་རང་བཞིན་གྱིས་གྲྭ་པ་དེ་ཚོ་རིན་ཐང་ཆེན་པོ་རེད་བསམ་གྱིན་ཡོད། དེ་བཞིན་དུ་དེང་སང་དགོན་སྡེ་ཕལ་ཆེར་བ་སློབ་གཉེར་བྱེད་ས་སློབ་གྲྭ་ལྟ་བུ་ཆགས། དེ་ཡང་སྲོལ་རྒྱུན་དང་དེང་རབས་གཉིས་ཀ་སློབ་སྦྱོང་ཚད་མཐོ་པོ་བྱེད་ས་དང་། དེ་བཞིན་དུ་བདུན་ཕྲག་གཅིག་ནང་གུང་སེང་ཉིན་གཅིག་མ་གཏོགས་ཉིན་མཚན་དབྱེར་མེད་ཆོས་དཔེ་ཆ་སློབ་གཉེར་བྱེད་ནས་མི་རིགས་ཀྱི་སྐད་ཡིག་རྒྱུད་འཛིན་བྱས་ཏེ། སྤྱི་ཚོགས་དང་སློབ་གྲྭ་ཁག་ལ་ཞབས་ཞུ་སྒྲུབ་མཁན་ཞིག་ཆགས་ཡོད་དུས། ཟ་ཉལ་གཉིས་གཅིག་པོ་བྱེད་ནས་སྡོད་མཁན་དེ་འདྲ་ཞིག་ངོས་འཛིན་རྒྱུ་དེ་ནོར་འདུག་བསམ་གྱི་ཡོད།


རྩོམ་ཡིག་གཞན།

མཆན་ 0