གྲྭ་ཚང་ཆོས་རྭའི་དབུ་འབྱེད་རབ་གནས་མཛད་པ་དང་འབྲེལ་བའི་བཀའ་སློབ།

7/06/2016 LosellingMonastery མཆན་ 0 སྡེ་ཚན་ :





















སྤྱི་ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཕྱག་ཚོད་༢།༣༠ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཆོས་ར་གསར་པ་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་ཟིན་པ་དབུ་འབྱེད་རབ་གནས་མཛད་པ་དང་འབྲེལ་བཀའ་སློབ་བཀའ་དྲིན་སྩལ་ཅིང་། དེ་ཡང་དབུ་འབྱེད་མཛད་སྒོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་


མཆོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་རྣམ་པ །ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག་ལྷོ་སྤྱི་དང་ས་གནས་འགོ་འཛིན། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་སེར་སྐྱ་མི་མང་བཅས་ཚང་འཛོམས་ཐོགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

ཀ༽ནཱ་ལེནྡྲའི་བཞེད་གཞུང་དང་། ཐུན་མིན་གྱི་གཟི་བརྗིད།
མཁས་མང་བློ་གསལ་གླིང་གྲྭ་ཚང་གི་ཆོས་ར་གསར་པ་ད་ཆ་ཕྱི་ཡི་གནམ་གཤིས་ལ་དེ་ཙམ་བསྟུན་མི་དགོས་པ་ཧ་ཅང་ཡག་པོ་བྱུང་འདུགདེ་རིང་ཆོས་ར་སྒོ་འབྱེད་དང་སྦྲགས་འདི་ལྟར་ཤོག་ཅེས་གསུངས་པ་རེད། ཁྱེད་རང་ཚོས་ལས་ཀ་རུ་ངར་པོ་དང་ཧ་ཅང་སྤུས་དག་པོ་བཟོས་འདུག་ལ། དེ་རིང་འདིར་ཁྱེད་རང་ཚོས་གྲ་སྒྲིག་ཀྱང་ཧ་ཅང་ཡག་པོ་བྱས་འདུག་པས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན། གོང་དུ་མཁན་པོའི་གསུང་བཤད་ནང་གསུངས་སོང་ལ། ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་ངོ་འདི་དག་གི་རིང་འཛམ་བུ་གླིང་གི་ནང་པའི་ཡུལ་གྲུ་ཁག་གི་མཁས་དབང་མང་པོ་ཞིག་དང་མཇལ་འཕྲད་བྱུང་བ་དེ་དག་ལ་ཕྱོགས་བསྡོམས་རྒྱག་སྐབས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱི་གཞུང་ཧ་ལམ་ཆ་ཚང་ལྟ་བུར་སློབ་གཉེར་བྱེད་པ་དང་། སློབ་གཉེར་དེ་ཡང་ཚིག་འགྲེལ་རྐྱང་པ་མ་ཡིན་པར་རྩ་བ་བློ་ལ་འཛིན། འགྲེལ་པའི་ཐོག་ནས་ཚིག་རེ་རེ་བཞིན་ངོ་སྤྲོད་དང་། དེ་ཡང་ངོ་བོ་དང་། དབྱེ་བ། ས་ལམ་སོགས་ཀྱི་ཐོག་ནས་ཞིབ་ཚགས་པོས་འགྲེལ་བཤད་འཆད་ཉན་བྱེད་པ་དང་། འགྲེལ་བཤད་གཅིག་པུ་མིན་པར་ཆོས་རའི་ནང་དུ་ཚད་མ་རིག་པའི་རིགས་ལམ་ལ་བརྟེན་ནས་གཞུང་དོན་གཏན་ལ་འབེབས་རྒྱུ་ཡོད་པ་འདི་དག་ནི་ང་ཚོ་བོད་གཅིག་པུར་མ་གཏོགས་མི་འདུག་སྔར་ཡིན་ན་ཆེན་པོ་ཧོར་གྱི་ཡུལ་གྲུ་དེ་དག་ཏུ་བོད་ནས་སངས་རྒྱས་ཀྱི་བསྟན་པ་དར་བའི་རྐྱེན་གྱིས་ཆེན་པོ་ཧོར་གྱི་ཡུལ་ཁག་ཏུ་དངོས་གནས་མཁས་པའི་དབང་པོ་མང་པོ་བྱོན་ཡོད་ལ། སློབ་གཉེར་ལ་ཆ་མཚོན་ནའང་དངོས་གནས་རྩེར་མོར་སོན་པ་མང་པོ་བྱུང་ཡོད། དེ་དག་གིས་དངོས་གནས་ལེགས་བཤད་རྨད་དུ་བྱུང་བའི་ཡིག་ཆ་མང་པོ་བརྩམས་ཡོད་ཀྱང་དེ་དག་ཉམས་ཟིན་པ་རེད། ད་ཆ་གཞི་ནས་བསྟན་པ་སླར་གསོར་འབད་བརྩོན་བྱེད་བཞིན་ཡོད། འདི་ཕྱོགས་དཔེར་ན་སེ་འབྲས་དགའ་གསུམ་གྱི་གྲྭ་རྒྱུན་གང་ལ་གང་འཚམ་ཡོང་གི་ཡོད། དེར་བརྟེན་དེ་ལྟར་བདག་པོ་རྒྱག་མཁན་བོད་གངས་ཅན་གཅིག་པུ་མ་གཏོགས་མེད་པ་ལྟ་བུ་རེད་འདུག གཉིས་ནས་ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། ང་རང་ཚོས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་འཆད་ཉན་གྱི་ཐོག་ནས་གཏན་ལ་འབེབས་སྐབས་སྐད་ཡིག་དེ་ཡང་སོ་སོའི་རང་སྐད་ཀྱི་ཐོག་ནས་འཆད་ཉན་བྱེད་ཐུབ་པ་ཞིག་དང་། དེ་ཡང་ཕྱོགས་གཅིག་ནས་གཞུང་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ཧ་ཅང་རླིངས་པོ་ཡོད་པའི་རིགས་རྣམས་ཀྱང་བོད་སྐད་ཀྱི་ཐོག་ནས་གོ་བ་ཇི་མ་ཇི་བཞིན་སླེབས་ཐུབ་པ་དང་། དེ་ཡང་རིགས་ལམ་གྱི་སྟེང་ནས་གཏན་ལ་འབེབས་སྐབས་ཧ་ཅང་ཞིབ་ཚགས་པོའི་ཐོག་ནས་ངོ་སྤྲོད་བྱེད་ཐུབ་པ་ཞིག་ཆགས་ཡོད། དེ་ནི་ང་ཚོ་བོད་པ་གཅིག་པུའི་ཆོས་དང་རིག་གཞུང་གི་སྐད་ཆ་མིན་པར་འཛམ་བུ་གླིང་སྤྱིའི་སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་དང་།མི་ཉམས་གོང་འཕེལ་བྱེད་རྒྱུའི་འགན་འཁྲི་ཡོད་པ་ཞིག་ཀྱང་རེད་འདུགདེ་རིང་ངོས་ནས་བརྗོད་པ་ལྟར་དེང་སྐབས་རྒྱ་ནག་ནང་མི་འབོར་དུང་ཕྱུར་བཅུ་གསུམ་བཅུ་བཞི་ཡོད་པའི་ནང་ནས་དུང་ཕྱུར་བཞི་ཙམ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཆགས་ཡོད་ལ། ད་དུང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ལོ་རྒྱུས་ཐོག་ནས་རྒྱ་ནག་ནི་ནང་པའི་ལུང་པ་ཆགས་ཡོད་སྟབས་ནང་ཆོས་ལ་དོ་སྣང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་གཅིགགཉིས་ནས་དོ་སྣང་ཡོད་མཁན་ཚོས་བོད་ཀྱི་ནང་ཆོས་དེ་ཁུངས་ཐུབ་ཡིན་པ་ཞིག་ལ་གཞི་ནས་ངོས་འཛིན་བྱེད་བཞིན་ཡོད་པ་ལྟ་བུ་ཞིག་ཆགས་འདུགདེར་བརྟེན་འདི་གར་སློབ་གཉེར་བྱེད་མཁན་དེ་དག་གིས་འཛམ་བུ་གླིང་འདིའི་སྟེང་ལ་ཡོད་པའི་སངས་རྒྱས་བསྟན་པ་སྤྱི་དང་། ལྷག་པར་དུ་ཡང་ལེགས་སྦྱར་གྱི་ཆོས་བརྒྱུད་དམ་དཔལ་ནཱ་ལེནྡྲའི་ནས་བརྒྱུད་པ་དེ་དག་ཧ་ལམ་ཆ་ཚང་ང་ཚོས་རྒྱུད་འཛིན་བྱས་པ་ཞིག་ཆགས་ཡོད།

ཁ༽ཐོས་བསམ་སློབ་གཉེར་དང་། ཉམས་ལེན་གྱི་ཉམས་རྟོགས།
ནང་གསེས་འདི་ག་བློ་གསལ་གླིང་གྲྭ་ཚང་ལ་ཆ་མཚོན་ན། དེ་སྔོན་བོད་ནས་དངོས་གནས་མཁས་པ་མང་པོ་ཐོན་སའི་གྲྭ་ཚང་གཅིག་ཆགས་ཡོད། ངོས་རང་ཆུང་ངུའི་སྐབས་སུའང་བློ་གསལ་གླིང་གྲྭ་ཚང་འདུས་ཚོགས་ཆེན་པོ་ཡིན་ཁར་དགེ་བཤེས་ཨང་ཀི་དང་པོ་དེ་རིགས་མང་པོ་ཐོན་སའི་གྲྭ་ཚང་ཞིག་དང་། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ཕྱོགས་གཅིག་ནས་ཡུལ་གྱར་དང་། གཉིས་ནས་དཀའ་ངལ་མང་པོ་ཞིག་གི་འོག་ནས་གཙོ་ཆེན་མི་ཐོག་རྒན་པ་དེ་དག་རྫོགས་ཟིན་པ་རེད། སྔོན་མ་རྒན་པདྨ་རྒྱལ་མཚན་དང་། རྒན་ཉི་མ་རྒྱལ་མཚན་ལ་སོགས་པ་དངོས་གནས་དྲང་གནས་སྡེ་སྣོད་གསུམ་གྱི་སྦྱངས་པ་མཐར་ཐུག་པ་ཡོད་མཁན་དེ་ལྟ་བུའི་མཁས་པའི་སྐྱེས་བུ་མང་པོ་ཞིག་གིས་ཐོག་མར་སོན་རྩ་འདི་ལྟར་བཙུགས་པ་གནང་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ནས་ཁོང་རྣམས་ཀྱིས་མཚོན་མི་རབས་དང་པོ་དེ་དག་གང་འཚམ་རྫོགས་ཟིན་པ་རེད། ད་ཆ་མི་རབས་གཉིས་པ་དེ་དག་གིས་མཇུག་མཐུད་ནས་འགྲོ་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་ནི་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་མི་ལོ་ཉིས་སྟོང་དྲུག་བརྒྱ་ཙམ་ཕྱིན་ཡོད་ལ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའང་མྱ་ངན་ལས་འདས་ནས་མི་རབས་མང་པོ་ཕྱིན་ཟིན་པ་རེད།དེ་དག་གི་ལེགས་བཤད་རྣམས་ང་ཚོས་སློབ་སྦྱོང་འཆད་ཉན་བྱེད་བཞིན་ཡོད།འདས་པའི་ལོ་རྒྱུས་ནང་གསལ་བ་ལྟར་མ་འོངས་པར་ཡང་།སྔ་ལོ་ངོས་ནས་བཀའ་ཆོས་སྐབས་སུ་བརྗོད་ཟིན་པ་ལྟར་རེད།དབང་རྟུལ་དད་པའི་རྗེས་འབྲང་གི་ཆོས་བྱེད་སྟངས་ཀྱི་ཐོག་ཏུ་བསྡད་ན་ཕལ་ཆེར་སངས་རྒྱས་ཀྱི་བསྟན་པ་དུས་ཡུན་ཇི་ཙམ་གནས་མིན་བཤད་ཁག་པོ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་ཡག་པོ་གཅིག་བྱུང་ན། དེ་ནི་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བྱེད་ཀྱི་ཡོད་པ་ལས།དེ་རྩ་ཆེན་པོ་རེད་ཅེས་བརྗོད་ནས་སྐྱབས་སུ་མཆི་ཞེས་བརྗོད་པ་ཞིག་མིན། དེར་བརྟེན་རྒྱུ་མཚན་གྱི་ཐོག་ནས་སངས་རྒྱས་པའི་ཆོས་ཟབ་ཅིང་རླིང་བ། ལྷག་པར་དུ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་གཏན་ལ་ཕབ་པ་རྣམས་ཀྱི་སྟེང་ནས་འགྲེལ་བཤད་གོ་རྟོགས་ཡོད་པ་ཞིག་བྱུང་ན། ལོ་རབས་བརྒྱ་ཕྲག་ཁ་ཤས་གནས་ཐུབ་པ་ཕལ་ཆེར་ཐག་ཆོད་པ་རེད། གྲྭ་ཚང་འདི་ནས་སྔར་ཡིན་ནའང་མཁས་པའི་དབང་པོ་མང་པོ་ཐོན་ཡོད་ལ། མ་འོངས་པར་ཡང་མཁས་པ་མང་པོ་ཐོན་ཐུབ་པ་དང་། གཉིས་ནས་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པ་ལས།ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད།།ཅེས་གསུངས་པ་དང་།འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རང་གི་རྟོགས་བརྗོད་མདུན་ལེགས་མ་ལས་ཀྱང་།
དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།
ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།།
ཞེས་གསུངས་པ་བཞིན་ཐོས་དོན་སྒྲུབ་ལ་གཞོལ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད་འདུགསྔར་བོད་ལ་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུར་དགེ་བཤེས་ཁ་ཤས་བྱང་སེམས་སྦྱོར་ལམ་པ་རེད་ཅེས་མཚན་གཞིར་བཟུང་རྒྱུ་ཡོད་པ་དེ་ལྟར་བྱུང་བ་ལོ་རྒྱུས་ནང་གསལ་ཡོད་པ་ལྟར་ཐོས་དོན་སྒྲུབ་ལ་གཞོལ་ཞིང་། རིམ་པས་དངོས་གནས་ཚོགས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་དང་། སྦྱོར་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་ལྟ་བུ་ཡོང་ཐུབ་ཐབས་ལ་ང་ཚོས་བསམ་བློ་གཏོང་དགོས་པ་ཡིན། སློབ་གཉེར་བྱེད་རྒྱུ་གཅིག་པུ་དང་། དེ་ཡང་ཚིག་གི་སྒྲོ་འདོགས་བཅད་ནས་བརྡར་ཤ་གཅོད་རྒྱུ་ལས།བརྗོད་དོན་རྒྱུད་ལ་སྐྱེ་བ་སྟེ་མངོན་རྟོགས་རྒྱུད་ལ་སྐྱེ་བ་དང་། ས་ལམ་ཞེས་བརྗོད་སྐབས་འཛུབ་མོ་ཕྱི་ལ་བཙུགས་ནས་འདི་ཚོགས་ལམ་པ་རེད །ཚོགས་ལམ་གྱི་ས་མཚམས་འདི་ལྟར་ཡོད་ཅེས་དང་། དེ་ནས་སྦྱོར་ལམ་དང་།མཐོང་ལམ་བཅས་ས་དང་པོ་ནས་བཟུང་སྟེ་ས་བཅུ་རིམ་གྱིས་བགྲོད་དེ་མ་དག་ས་བདུན་བགྲོད་ནས་དག་པ་ས་གསུམ་དང་།དེ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བཅས་ཕར་མཛུབ་མོ་བཙུགས་ནས་བཤད་པ་ཞིག་མིན་པར་ང་རང་ཚོའི་རྒྱུད་ཐོག་འདི་ཉིད་ཀྱི་སྟེང་ནས་ཐོག་མར་ཚོགས་ལམ་ཆུང་ངུ་ཨེ་སྐྱེ་མི་སྐྱེ་ལྟ་དགོས་པ་དང་། དེ་ཡི་རྩ་བ་སྙིང་རྗེ་ལ་ཐུག་ཡོད་ལ། སྙིང་རྗེའི་རྩ་བ་ངེས་འབྱུང་ཡིན་ཅིང་། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པ་བཞིན་ངེས་པར་འབྱུང་ས་འཁོར་བ་ལས་ངེས་པར་འབྱུང་ནས་འགྲོ་ས་དེ་ཐར་པར་བཞག་སྟེ། རྒྱུ་མཚན་མཐོང་བའི་སྒོ་ནས་སེམས་ལ་འདི་ལྟར་ཡོང་བ་དང་། ཏན་ཏན་ཡོད་ས་རེད་བསམ་ནས་སེམས་པ་ངེས་པ་ཐོབ་པའི་སྒོ་ནས་ཐར་པ་དོན་གཉེར་གྱི་བློ་བསྐྱེད་དགོས་པ་ལས། ཐར་པ་སྒྲུབ་དགོས་ཞེས་དེ་ཙམ་བརྗོད་ནས་བཞག་ན་བཏང་སྙོམས་ཀྱི་ཐོག་ཏུ་འགྲོ་བཞིན་ཡོད། དེར་བརྟེན་ཆོས་རའི་ནང་དུ་ཚིག་གི་བརྡར་ཤ་གཅོད་པ་ཙམ་དུ་མ་ཟད། ཚིག་དོན་རྒྱུད་ལ་སྐྱེ་བའི་འབད་བརྩོན་བྱེད་མཁན་གྱི་སློབ་གཉེར་བ་མང་པོ་ཐོན་ཐུབ་པའི་རེ་བ་ཡོད་ལ། དེ་ལྟར་ཁྱེད་རང་ཚོས་ཀྱང་འབད་བརྩོན་བྱེད་དགོས། དངོས་ཡོད་སློབ་གཉེར་བ་ཚིག་གི་སྒྲོ་འདོགས་གཅོད་མཁན་བརྒྱ་སྟོང་གི་ནང་དུ་དོན་གྱི་སྒྲོ་འདོགས་གཅོད་མཁན་ཁ་ཤས་ཤིག་ཡོད་ན་དེ་ནི་རྒྱབ་རྟེན་གྱི་མ་རྩ་ཡིན་ཅིང་། ཚིག་རྐྱང་པའི་ཐོག་ནས་ཕྱིན་ཏེ་རྒྱབ་རྟེན་གྱི་མ་རྩ་མེད་ན་ཁག་པོ་རེད། དེར་བརྟེན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་རང་ཉིད་ལ་མཚོན་ན།དགའ་ལྡན་ལྷ་བརྒྱ་མ་ལས།
སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།།
ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས།།
མགོན་པོ་ཁྱེད་ཀྱི་རླབས་ཆེན་མཛད་པ་ལ།།
བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།།
ཞེས་གསུངས་པ་ལྟར་ཡན་ལག་བདུན་ལས་རྗེས་སུ་ཡི་རང་བྱེད་སྟངས་འདི་ལྟར་གསུངས་ཡོད། དགའ་ལྡན་ལྷ་བརྒྱ་མ་འདི་ཉིད་འདུལ་ནག་པ་དཔལ་ལྡན་བཟང་པོས་མཛད་པ་ཞིག་ཡིན། རྗེ་རིན་པོ་ཆེའི་རྣམ་པར་ཐར་པ་ལ་ཡི་རང་བྱེད་པ་ལ་རང་ཉིད་གང་ལ་རྗེས་སུ་ཡི་རང་བྱེད་ས་དེར་མིག་དཔེ་བལྟས་ནས་ཁ་མིག་ཡར་ལྟ་བྱས་ཏེ་དེ་ལྟར་ཡོང་ཐབས་ལ་རང་ཉིད་ཀྱིས་ཀྱང་ལག་ལེན་གྱི་ཐོག་ནས་འབད་བརྩོན་བྱེད་དགོས། དེས་ན་མང་དུ་ཐོས་པ་དང་། སྒྲུབ་ལ་བརྩོན་པ་གཉིས་ཧ་ཅང་གལ་གནད་ཆེན་པོ་རེད། དེ་དག་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་གི་གཞན་དབང་དུ་མི་གཏོང་བ་ཞིག་དགོས་པ་ཡིན། དེ་དག་ངོས་ནས་བརྗོད་འདོད་བྱུང་། དེ་ཙམ་ཡིན། ཚང་མས་ད་ལྟ་བར་ཧུར་ཐག་གནང་བ་རེད་ལ། ད་དུང་ཡང་ཧུར་ཐག་གནང་ཤོག་ཨང་། ཞེས་བཀའ་སློབ་སྩལ་སོང་།
ཚེས་༨ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་ཁག་རེ་ཞིག་མཇུག་ལེགས་པར་གྲུབ་ནས་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་ཡོད་པ་དང་། སྐབས་དེར་བཞུགས་སྒར་ཉེ་འཁྲིས་གྷ་གྷལ་གནམ་ཐང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་གྱིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་། ཕེབས་ལམ་གཡས་གཡོན་དུ་རྡ་སར་གནས་འཁོད་སེར་སྐྱ་མི་མང་གི་ལག་ཏུ་ཁ་བཏགས་དཀར་གཙང་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་རྒྱལ་སྒོ་རུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ་བཅས་ཀྱིས་ཕེབས་བསུ་དང་འབྲེལ་ཕོ་བྲང་དུ་༧ཞབས་སོར་བདེ་བོར་འཁོད་ཡོད་པ་བཅས།། །།

རྩོམ་ཡིག་གཞན།

མཆན་ 0