བློ་གླིང་སྤྲུལ་སྐུ་ལྷན་ཚོགས།

1/09/2016 LosellingMonastery མཆན་ 0 སྡེ་ཚན་ :

སྤྱི་ལོ་༢༠༡༥ཟླ་བ་༦ཚེས་༧ཉིན་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དབུས་རང་ཁོངས་བློ་གླིང་བླ་སྤྲུལ་རྣམ་པ་ལྷན་བཞུགས་ཀྱི་སྐུ་པར་།


སྤྱི་ལོ་༢༠༡༦ལོའི་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཞུགས་པ་རང་ཁོངས་བློ་གླིང་གྲྭ་ཚང་གི་བླ་སྤྲུལ་ཁག ལྷ་རམས་གཉིས་པ་གུ་གེ་རྒྱ་བུང་རིན་པོ་ཆེ། སློབ་དཔོན་དང་པོ་ཚ་བ་ཟངས་ཆེན་རིན་པོ་ཆེ། བཀའ་རམས་གཉིས་པ་གུ་གེ་བྱ་བྲལ་རིན་པོ་ཆེ། བཀའ་རམས་དང་པོ་ཕ་ར་མཁན་ཆེན་རིན་པོ་ཆེ། གོ་བོ་ལྷ་སྐྱབས་རིན་པོ་ཆེ། ཕ་ར་ཤག་སྐོར་མཁན་སྤྲུལ་རིན་པོ་ཆེ་བཅས་སོ།

སྤྱི་ལོ་༢༠༡༥ཟླ་བ་༦ཚེས་༩ཉིན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རངཁོངས་བློ་གླིང་བླ་སྤྲུལ་རྣམ་པ་ལྷན་དུ་བླ་མཆོད་ཚོགས་འབུལ་དང་དེ་རྗེས་རིན་པོ་ཆེ་ནས་བླང་དོར་བཀའ་སློབ་བསྩལ་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་པའི་ཉིན་མོ།


ཕྱི་ལོ་༡༩༩༦ ལོ་ནས་སྔར་གྱི་སྤྲུལ་སྐུ་ལྷན་ཚོགས་ཚགས་ཚུད་དུ་བཏང་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོར་མདོ་སྔགས་ཀྱི་གསུང་ཆོས་སྣ་མང་ཞུས་པ་མ་ཟད་དེ་དག་གི་གོ་སྒྲིག་དཔེ་མེད་བྱས། སྤྲུལ་སྐུ་ལྷན་ཚོགས་ཀྱི་དམིགས་ཡུལ་ནི། ༧གོང་ས་མཆོག་དང་རང་གཞུང་གི་དགོངས་བཞེད་མྱུར་འགྲུབ་ཐད་ཞབས་འདེགས་བསྒྲུབ་རྒྱུ་དང་དབང་ལུང་མན་ངག་གི་ཆོས་རྒྱུན་དཀོན་རིགས་རྒྱུན་འཛིན་དང་ཁྱབ་སྤེལ། དགེ་ལྡན་བསྟན་འཛིན་སྤྱི་དང་། ཁྱད་པར་༧སྐྱབས་རྗེ་ཡོངས་འཛིན་ཟུང་གི་དབང་ལུང་མན་ངག་བསྩལ་ཚུལ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་ཡིག་ཐོག་ཏུ་འགོད་སྒྲིག་གིས་རྒྱུན་འཛིན་དང་ཁྱབ་སྤེལ། སྤྲུལ་སྐུ་གཞོན་སྐྱེས་རྣམས་ཀྱི་སྐུ་ཡོན་སློབ་གཉེར་དང་།
མཛད་སྤྱོད་གང་ལེགས་ཡོངས་ཐབས་ཀྱི་མཐུན་འགྱུར་བསྒྲུབ་རྒྱུ། བོད་གཞིས་བྱེས་གཉིས་དང་ཕྱོགས་མཐར་བཞུགས་པའི་སྤྲུལ་སྐུ་ཕན་ཚུན་དབར་འབྲེལ་མཐུད་ཀྱིས་སྤྲུལ་སྐུ་སྤྱི་སྒེར་ཚང་མའི་མཛད་འཕྲིན་ཡར་ལྡན་ཡོང་ཐབས་གནང་རྒྱུ། བོད་མིའི་སྤྱི་ཚོགས་ནང་ཡ་རབས་སྤྱོད་བཟང་གི་གོམས་གཤིས་མི་ཉམས་རྒྱུན་གནས་ཆེད་ལམ་སྟོན་བྱ་རྒྱུ། རིས་མེད་ཆོས་བརྒྱུད་ཁག་གི་གཞུང་ལ་སྦྱོང་བརྩོན་གྱིས་ལེགས་ཆ་སྤེལ་རེས་དང་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་སོགས། མདོར་ན་བོད་གངས་ཅན་གྱི་བསྟན་སྲིད་ལ་སྨན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཆེད་མཐུན་འགྱུར་ཞབས་འདེགས་བསྒྲུབ་རྒྱུ་མ་ཟད་ལྷན་ཚོགས་འདིས་སྔ་ཕྱིར་༧གོང་ས་མཆོག་གི་ཞལ་སྔ་ནས་ཡི་དམ་གསང་བདེ་འཇིགས་གསུམ་གྱི་དབང་ལུང་མན་ངག་གིས་མཚོན་པའི་ཁྲིད་རྒྱུན་སོག རྒྱ་ཆེར་ཞུས་དང་ཞུ་མུས་ཀྱིས་བསྟན་པ་སྤྱི་དང་ལྷག་པར་རི་བོ་དགེ་ལུགས་པའི་མཁས་གྲུབ་ཚོའི་དབང་ལུང་མན་ངག་གི་རྒྱུན་བཟང་ཉམས་མེད་དུ་སྐྱོང་བཞིན་པ་ཡིན།
༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་གསོལ་བ་ཇི་ལྟར་སྟབས་པ་ལྟར་ད་བར་བཀའ་ཆོས་གང་གནང་བའི་མཚན་དང་ལོ་ཚིགས་གཤམ་གསལ།  
ཕྱི་ལོ ༡༩༩༧ ལོར་དཔྱིད་ཆོས་ཆེན་མོའི་མཇུག་ཐོག་དེ་མ་ཐག་རྒྱལ་བའི་ཕོ་བྲང་ནང་འཇིགས་བྱེད་དཔའ་གཅིག་གི་དབང་ཆེན་དང་དེའི་མྱོང་ཁྲིད་བཤད་པ་བཞི་པ་དང་བཅས་པ༧སྐྱབས་རྗེ་ཡོངས་འཛིན་གླིང་རྡོ་རྗེ་ཆང་ཆེན་པོས་ཕྱོགས་བསྒྲིགས་མཛད་པའི་ས་བཅད་སྟེང་ནས་གནང་བ་དང་།
༡༩༩༧་ཟླ་༩་པ་ནང་་གསང་འདུས་ཆོས་སྐོར་ ༡༽དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་སྒྲུབ་ཐབས་མདོར་བྱས་དང་མདོ་བསྲེ།      ༢༽སློབ་དཔོན་ཀླུ་བྱང་གིས་མཛད་པའི་རྣམ་བཞག་རིམ་པ།  ༣༽རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གསང་འདུས་སྒྲུབ་ཐབས་རྣལ་འབྱོར་དག་རིམ་དང། རྣམ་བཞག་རིམ་པའི་རྣམ་བཞག  བླ་མ་ལྔ་བཅུ་པའི་ཁྲིད། སྡོམ་པ་ཉི་བཤུ་པའི་ཁྲིད། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསང་འདུས་བསྐྱེད་རྫོགས་བཅས་གནང་།      
ཕྱི་ལོ  ༡༩༩༨ ཟླ་བ་༡༠པའི་ནང་བདེ་མཆོག་ལུ་ཨི་པའི་དབང་ཆེན་དང་། རྗེའི་གསུང་སྦས་དོན་ཀུན་གསལ་དང་། ཨ་ཁུའི་ཤེས་རབ་རྒྱ་མཚོས་མཛད་པའི་བདེ་མཆོག་ལུ་ཨི་པའི་བསྐྱེད་རྫོགས་བཅས་ཀྱི་བཀའ་ཁྲིད་བཅས་དང་།།
ཕྱི་ལོ ༡༩༩༩ ལོ་འཇུག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནང་རྗེའི་གསུང་གསང་འདུས་རྫོགས་རིམ་རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་གཉིས་ཀྱི་བཀའ་ཁྲིད་བཅས་གནང་།།
ཕྱི་ལོ ༢༠༠༢ ཟླ་བ་༡༡ ནངབདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་ཆེན་དང་དྲིལ་བུ་ལུས་དཀྱིལ་གྱི་དབང་ཆེན་དང་། ༡༽་  རྗེའི་གསུང་(ཐ)པ་ནང་རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་བའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་ཀྱི་མངོན་རྟོགས་དགོངས་པ་རབ་གསལ་དང་།དཔལ་འཁོར་ལོ་བདེ་ཆོག་གི་རིམ་པ་ལྔ་པའི་བཤད་པ་སྦས་་དོན་ལྟ་བའི་མིག་རྣམ་པར་འབྱེད་པ་།༢༽ལྕང་སྐྱའི་གསུང་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་དམར་ཁྲིད་ཞལ་ཤེས་བདེ་ཆེན་གསལ་བའི་སྒྲོན་མེ་། ༣༽  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་བཀའ་རྒྱ་མ་གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་ཟབ་ལམ་རིམ་ལྔའི་དམར་ཁྲིད་ཤིན་ཏུ་ཟབ་པ་། ༤༽་ དག་པོ་སྐལ་བཟང་མཁས་གྲུབ་བམ་ཆོས་ཀྱི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་གཏེར་ཆེན་དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་བསྐྱེད་རིམ་གྱི་རྣལ་བཤད་ཐབས་ཀྱི་ཐེག་པའི་གསང་ལམ་། ༥༽  དྲིལ་བུ་ལུས་དཀྱིལ་གྱི་རིམ་པ་དང་པོའི་ཟིན་བྲིས་བདེ་ཆེན་རྒྱ་མཚོའི་འཇུག་ངོགས་བཅས་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལུགས་ཀྱི་ཟབ་ཁྲིད་ཁག་ལྔ་ཕྱོགས་བསྡུས་བཅས་ཀྱི་བཀྲིན་སྐྱངས།
ཕྱི་ལོ་༢༠༡༢ ནས་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཁྲིད་ལོ་བཞིའི་རིང་སྦྱིན་བདག་གི་ཁོངས་སུ་ཡང་འཛུལ་ཞུགས་ཆོག་པའི་སྐལ་བཟང་བཀའ་དྲིན་ཆེ་བ་བཅས་སོ།

རྩོམ་ཡིག་གཞན།

མཆན་ 0