དུས་འགྱུར་གོང་གི་བློ་གསལ་གླིང་གྲྭ་ཚང་།

1/02/2016 LosellingMonastery མཆན་ 0 སྡེ་ཚན་ :

བོད་དུ་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་གི་འདྲ་དཔར།
ལང་ཀར་གཤེགས་པའི་མདོ་རྒྱ་ནག་འགྱུར་ལས།བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་དུང་དཀར་པོ་ཞིག་ཕུལ་་བ་མོངྒལ་གྱི་བུ་ལ་གནང་ནས།འདི་ཁྱེད་ཀྱིས་འགོག་པ་རིར་གཏེར་དུ་སྦོས་ཤིགམ་འོངས་པ་ན་དགེ་སློང་པདྨའི་ངད་ལྡན་འདིས་གཏེར་ནས་འདོན་པས་དེའི་ཚོགས་དུང་དུ་འགྱུར་གྱི་གཏེར་བདག་སྤྲེའུའི་གཟུགས་ཀྱིས་གནས་བྱེད་དོ།།

ཞེས་ལུང་གིས་བསྔགས་པ་ལྟར།བོད་རབ་བྱུང་དྲུག་པའི་ས་ལུག་ཕྱི་ལོ་ (༡༣༧༩) ལོར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཉེ་འགྲམ་དུ།མི་དབང་གྲགས་པ་རྒྱལ་མཚན་པའི་ཡིག་མཁན་གྱི་སྲས་སུ་འཁྲུངས་པ།འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ཞེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་འཕྲིན་ནམ་མཁའ་ལྟར་ཡངས་པའི་བུ་ཆེན་བཞིའི་ནང་ཚན་ཁོང་གིས་དན་འབག་ཕྱོགས་སུ་དགོན་པ་བཏབ་ན་ལེགས་པའི་མཚན་ལམ་བྱུང་བ་དགའ་ལྡན་དུ་རྗེ་བླ་མར་ཞུས་སྐབས།

རྗེ་བླ་མས་ཁྱེད་ཀྱིས་དགོན་པ་འདེབས་ན་མ་ལས་བུ་རྒྱས་པ་ཡོང་གསུངས་ཏེ།རྗེ་བླ་མ་རང་གིས་འགོག་པ་རི་ནས་གཏེར་དུ་བཞེས་པའི་ཆོས་དུང་ཁྱད་པར་ཅན་བསྩལ་བ་དང་།དགོན་པའི་རྨང་འདིང་བའི་ས་ཐིག་སོགས་ཀྱང་རྗེ་ཙོང་ཁ་པ་དངོས་ཀྱིས་ཞལ་བཀོད་གནང་བ་ལྟར།བོད་རབ་བྱུང་བདུན་པའི་མེ་སྤྲེལ་ (༡༤༡༦) ལོར་སྣེའུ་དཔོན་ནམ་མཁའ་བཟང་པོས་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར་ཏེ།ཆོས་སྡེ་འདིར་ཐོས་བསམ་ལ་གཞོལ་བའི་འདུས་སྡེ་རབ་ཏུ་འཕེལ་བས།མཁན་ཆེན་དཔལ་ལྡན་སེང་གེ་སོགས་ཆོས་རྗེ་རང་གི་སློབ་མའི་གཙོ་བོ་བདུན་འཆད་ཉན་པར་བསྐོས་པ་རྣམས་ཀྱིས་སོ་སོར་འཆད་ཉན་གནང་བར་བརྟེན་བློ་གླིང་།སྒོ་མང་།བདེ་ཡངས།ཤག་སྐོར།ཐོས་བསམ་གླིང་ངམ་རྒྱལ་བ།འདུལ་བ།སྔགས་པ་གྲྭ་ཚང་བཅས་གྲྭ་ཚང་བདུན་བྱུང་།འཆད་ཉན་པ་བདུན་གྱི་ནང་ཚན་མཁན་ཆེན་ལེགས་ལྡན་པས་འཆད་ཉན་མཛད་པས།འཆད་ཉན་པ་གཞན་རྣམས་ལས་སློབ་ཚོགས་མང་དུ་འདུས་ཏེ་བཤད་སྒྲུབ་འཆད་ཉན་འཕེལ་ཞིང་།སྡེ་བ་སྣེའུ་བ་སོགས་བསྟན་པའི་སྦྱིན་བདག་དུ་མའི་མཐུན་རྐྱེན་ལ་བརྟེན་ནས་གྲྭ་ཚང་ཟུར་འཛུགས་གནང་།

གཞུང་ལུགས་རབ་འབྱམས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་བློ་གསལ་བ་ཤིན་ཏུ་མང་པོ་བྱུང་བས་མཁས་མང་བློ་གསལ་བྱེ་བའི་གླིང་ཞེས་གྲྭ་ཚང་གི་མཚན་དོན་དང་མཐུན་པར་ཐོག་མར་བྱུང་།བློ་གླིང་མཁན་ཐོག་བདུན་པ་ཀུན་མཁྱེན་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་ཞེས་མཁྱེན་རབ་དང་མཛད་འཕྲིན་ཕུལ་དུ་བྱུང་བ་ཁོང་གི་དགག་བཞག་སྤོང་གསུམ་གྱི་རྒྱས་བཏབ་པའི་ལེགས་བཤད་མང་པོ་ལྗགས་རྩོམ་མཛད་པ་གྲྭ་ཚང་གི་ཡིག་ཆར་བཟུང་།ལྷག་པར་ཐམས་ཅད་མཁྱེན་པ་དགེ་བདུན་རྒྱ་མཚོའི་བཀའ་ལྟར་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེ་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ།མདོ་སྔགས་གཞུང་ཆེན་ཁག་གི་ལེགས་བཤད་པོད་བཅུ་བཞིར་ལོངས་པ་བརྩམས་ཤིང་འཆད་ཉན་གྱི་སྲོལ་བཙུགས་པ་ནས་ད་ལྟའི་བར་གསུང་གི་འཕྲིན་ལས་ནུབ་པ་མེད་འདི་ཉིད་ཡིན་ལ།དུས་ཕྱིས་༧གོང་་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་སྐུ་དངོས་ཀྱིས་རྒྱུད་སྟོད་སྨད་ཀྱི་ཁྲི་ལ་ཕེབས་ཟིན་པའི་མཁན་བླ་ནས་བཟུང་གདན་ས་གསུམ་གྱི་དགེ་བཤེས་རྣམས་ལ་རྒྱུགས་ཞིབ་གནང་བའི་ཁྲོད་དགེ་བའི་བཤེས་གཉེན་ཆེན་པོ་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་མཆོག་ཨང་དང་པོ་ཕེབས་ཐོན་བྱུང་བ་ནས་བཟུང་གྲྭ་ཚང་འདི་ནས་སྔར་དང་མི་འདྲ་བར་དགའ་ལྡན་ཁྲི་པ་དང་ཤར་བྱང་གི་ཆོས་རྗེ་ཟམ་མིཆད་པར་འབྱུང་བའི་རྟེན་འབྲེལ་གྱི་གནད་མ་བསྒྲིགས་རང་འགྲིག་ཏུ་གྱུར་ཡོད།

རྩོམ་ཡིག་གཞན།

མཆན་ 0