དུས་འགྱུར་བྱུང་རྗེས་ནས་ད་ལྟའི་བར་གྱི་བློ་གླིང་གྲྭ་ཚང་གི་ལོ་རྒྱུས་རགས་བཏུས།

1/03/2016 LosellingMonastery མཆན་ 0 སྡེ་ཚན་ :



རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་ཁྱུར་མིད་གཏོང་ཆེད་ཕྱི་ལོ་(༡༩༥༩)ལོ་མེ་མདའི་སྟོབས་ཤུགས་ལ་བརྟེན་
ནས་བོད་ཀྱི་རྒྱལ་ས་ལྷ་ལྡན་དུ་བཙན་འཛུལ་ཁྲག་དྲི་བྲོ་བ་བྱས་རྗེས།༧གོང་ས་མཆོག་སྟོན་འཁོར་མདོ་ཁམས་བསྟན་སྲུང་དང་བླངས་དམག་གི་སྲུབ་སྐྱོབ་ཀྱིས་འཕགས་ཡུལ་ཆོས་ཀྱི་ཞིང་སར་ཆིབས་བསྒྱུར་བསྐྱངས་དགོས་བྱུང་།

སྐབས་དེར་བོད་ས་སྟོད་སྨད་བར་གསུམ་ནས་རིམ་པ་བཞིན་༧གོང་ས་མཆོག་གི་ཆིབས་རྗེས་འབྲངས་པའི་བོད་རིགས་མང་པོ་ཡུལ་རྒྱ་གར་གྱི་ལམ་བུར་ཞུགས།དེ་དག་ལས་ཆོས་ལུགས་རིས་མེད་ཀྱི་སེར་མོ་བ་(༡༥༠༠)འདེམས་སྒྲུག་གིས་རྒྱ་གར་ཤར་ཕྱོགས་ནུབ་བྷང་ག་ལའི་མངའ་སྡེའི་ཁོངས་སྦག་ས་ཞེས་ནགས་ཀླུང་སྟུག་པོའི་གནས་དེར་བསྟན་པ་སླར་གསོའི་ཆེད་ཐོག་མར་༼སྦག་ས་ནང་བསྟན་ཆོས་རིག་འཛིན་སྐྱོང་སློབ་གཉེར་ཁང་ཐོས་བསམ་ཐར་འདོད་གླིང་༽ཞེས་པ་གསར་འཛུགས་གནང་།བློ་གླིང་ཕ་ར་མཁན་ཆེན་པདྨ་རྒྱལ་མཚན་མཆོག་གིས་སྦག་སའི་རིས་མེད་ཆོས་སྡེ་སྤྱི་དང་ལྷག་པར་བློ་གླིང་གྲྭ་ཚང་གི་དགེ་འདུན་པ་གྲངས་སུམ་བརྒྱ་མ་ཟིན་ཙམ་ཞིག་གི་ཐོས་བསམ་སློབ་གཉེར་དང་འཛིན་སྐྱོང་གི་ཐུགགས་འགན་རླབས་ཆེན་བཞེས་ཏེ།ཀ་སྦུག་རྡོ་པར་འཕྲུལ་ཆས་ཉོ་སྒྲུབ་ཀྱིས་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་དང་།གཞན་ཡང་རྗེའི་ལྟ་བའི་ལེགས་བཤད་སྐོར་གྱི་ཕྱག་དཔེ་མང་པོ་དཔར་བསྐྲུན་བྱས།ཕྱི་ལོ་(༡༩༦༦)ལོར་སྦག་སའི་རིས་མེད་ཆོས་སྒར་དེ་དེང་དུས་ཀྱི་མཐོ་རིམ་སློབ་གྲྭའི་རྣམ་པར་བསྒྱུར་ཏེ།བོད་ཀྱི་ཐུན་མོང་རིག་གནས་དང་གཞུང་ཆེན་བཀའ་པོད་ལྔར་འཛིན་གྲྭ་ཁག་བགོས་ཀྱིས་སློབ་ཁྲིད་དང་སློབ་གཉེར་གནང་ཡང་།དེང་རབས་ཀྱི་སློབ་སྦྱོང་གི་རྣམ་པ་དེ་ཙམ་གྱིས་སྔར་གྱི་གདན་ས་ཁག་གི་རྩོད་ཟླ་སྒྲིག་པའི་ཕྱག་སྲོལ་གྱི་ལམ་ནས་གཞུང་དོན་གཏན་ལ་འབེབས་པ་ཇི་ལྟ་བུ་ཞིག་ཡོང་མི་ཐུབ་པའི་ཉམས་མྱོང་ར་འཕྲོད་བྱུང་རྗེས།དེང་ལུགས་ཀྱི་སློབ་གཉེར་རྣམ་པ་དེ་ཡང་བསྒྱུར་ཏེ་བོད་ཀྱི་གདན་སའི་སློབ་གཉེར་གནང་སྟངས་སྔར་སྲོལ་ལྟར་བསྐྱངས།

སྦག་སའི་རང་བྱུང་གི་ཚ་བ་ཆེ་བའི་རྐྱེན་གྱིས་ས་ཆུ་མི་འཕྲོད་པར་དགེ་འདུན་པ་མང་པོ་འདས་གྲོངས་དང་།རྒྱ་གར་བྱེས་འབྱོར་པའི་ཁོངས་ཀྱི་གྲྭ་རྒྱུན་གསར་ཞུགས་མེད་པ།རྒྱ་གར་གཞུང་གི་སྐྱོབ་གསོ་མ་གཏོགས་འཚོ་བའི་གཞི་རྩ་མེད་པ་ཅས་ཀྱིས།ཕྱིལོ་(༡༩༦༩)ལོར་སྦག་སའི་ཆོས་སྒར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊཀ་མངའ་སྡེར་སྤོ་སྐབས་གདན་ས་དགའ་འབྲས་གཉིས་མོན་གྷོ་ཊིར་སྤོས་ཏེ་དང་ཐོག་མཉམ་སྡོད་གནང་།ཕྱི་ལོ་(༡༩༧༡)ལོར་གདན་ས་དགའ་འབྲས་གཉིས་ས་བགོས་ཀྱིས་སྒོ་བློ་གཉིས་ཀྱིས་སོ་སོའི་འཕྲལ་སེལ་འདུ་ཁང་བཞེངས་འགོ་ཚུགས་པའི་བརྒྱུད་རིམ་ནང་དགེ་འདུན་པ་རྣམས་ཀྱིས་ཉིན་མོར་ཁང་ལས་དང་མཚན་མོར་ཆོས་གྲྭ་ཚུགས་ཏེ་ཐོས་བསམ་སློབ་གཉེར་འཕྲོ་ལུས་མེད་པ་གནང་ཡོད།ཕྱི་ལོ་(༡༩༧༠)ནང་ཚུལ་ཁང་མཁན་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་མཆོག་མཁན་པོ་ལས་ཐོག་སྐབས་གྲྭ་ཚང་གི་འཆད་ཉན་གོང་འཕེལ་དང་།ཕྱག་མཛོད་དང་ཞིང་འབྲོག་སོགས་འཛིན་སྐྱོང་གི་ལས་འགན་ཁག་བགོས།གྲྭ་ཚང་གི་འདུ་ཁང་དང་ཆོས་རྭ་གཅིག་ལྕོགས་གསར་བཞེངས་བཅས་ཀྱི་ཐད་ཐུགས་འཁུར་བླ་མེད་པ་གནང་།སྐབས་དེའི་གྲྭ་ཚང་གི་འདུ་ཁང་ནང་༧གོང་ས་སྐྱབས་མགོན་ཆེན་པོས་དབུ་མ་རིན་ཕྲེང་མ་གཏོགས་པའི་རིགས་ཚོགས་ལྷག་མའི་བཤད་ལུང་དང་། ཡོངས་འཛིན་གླིང་རིན་པོ་ཆེས་ལམ་རིམ་ཆེན་མོ།ལེགས་བཤད་སྙིང་པོ།བློ་སྦྱོང་ཉི་མའི་འོད་ཟེར།འཇིགས་བྱེད་ཐེམ་སྐས་བཅུ་གསུམ་བཅས་ཀྱི་བཀའ་ཁྲིད།ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད།ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་གྱིས་དབུ་མའི་བཀའ་ཁྲིད།ལྡན་མ་བློ་ཆོས་རིན་པོ་ཆེས་རྡོ་རྗེ་ཕྲེང་བའི་བཀའ་དབང་ཆ་ཚང་།སྤང་ནང་རིན་པོ་ཆེས་བསྟན་འགྱུར་ལྗགས་ལུང་དང་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད།ཀིརྟིའི་མཚན་ཞབས་རིན་པོ་ཆེས་མེེེེེ་ཏྲི་བརྒྱ་རྩའི་བཀའ་དབང་བཅས་གནང་བར་བྱིན་རླབས་ཀྱི་ཚན་ཁ་ཀུན་ཏུ་འབར།


དེ་ནས་རིམ་བཞིན་གྲྭ་ཚང་གི་འདུས་མང་ཇེ་རྒྱས་སུ་སོང་སྟེ་སྔར་གྱི་འདུ་ཁང་ནང་ཤོང་དཀའ་བར་གྱུར་སྟབས།ཕྱི་ལོ་(༡༩༨༥)ནས་ཨར་ལས་ཚོགས་པ་ཟུར་འཛུགས་ཀྱིས་འདུ་ཁང་གསར་བཞེངས་་འགོ་བརྩམས་ཤིང་ཚུལ་ཁང་མཁན་ཟུར་རིན་པོ་ཆེས་ཐུགས་འཁུར་གཙོ་བཞེས་ཐོག་ཕྱི་ལོ་(༡༩༨༧)ལོར་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང་།མཁན་རིན་པོ་ཆེ་ཏྲེ་ཧོར་རྒན་བློ་བཟང་ཉི་མ།མཁན་རིན་པོ་ཆེ་དཔེ་ཐུབ་ལ་དྭགས་རི་རྫོང་སྲས་རིན་པོ་ཆེ་ཐུབ་བསྟན་ཉི་མ།མཁན་རིན་པོ་ཆེ་ཚུལ་ཁང་རྒན་དཀོན་མཆོག་དབང་འདུས།མཁན་རིན་པོ་ཆེ་ཚུལ་ཁང་རྒན་དཀོན་མཆོག་དཔག་བསམ།མཁན་རིན་པོ་ཆེ་གོ་བོ་རྒན་བློ་བཟང་རྒྱ་མཚོ།མཁན་རིན་པོ་ཆེ་ཉག་རེ་རྟོགས་ལྡན་རིན་པོ་ཆེ། ད་ལྟའི་མཁན་རིན་པོ་ཆེ་སྤོམ་ར་རྒན་བློ་བཟང་ཡེ་ཤེས་བཅས་ཀྱི་མཁན་ཐོག་རིང་།གཞིས་ལུས་བོད་གངས་ཅན་ལྗོངས་དང་།གཞན་ཡང་བྱེས་འབྱོར་རྒྱ་བལ་འབྲུག་གསུམ་གྱི་བོད་རིགས།ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བཅས་ནས་གྲྭ་ཚང་འདིར་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་གྲྭ་རྒྱུན་རབ་ཏུ་འཕེལ་བ་མ་ཟད་གོང་གསལ་མཁན་ཐོག་སོ་སོའི་རིང་གྲྭ་ཚང་གི་ཆོས་སྲིད་མཛད་འགན་ཚགས་ཚུད་བྱུང་བའི་ཉེར་ལེན་ལས་གྲྭ་ཚང་འདི་ནས་མིང་དོན་མཚུངས་པའི་དགེ་བཤེས་ཆེ་ཆུང་མང་རབ་ཕེབས་ཐོན་བྱུང་ཡོད་པ་མཐོང་ཆོས་སུ་ཡོད་པ་འདི་ཡིན།

སྟོང་ལོ་གསར་པ་ཚེས་པ་ནས་བཟུང་གྲྭ་ཚང་གི་འདུས་སྡེ་རབ་ཏུ་འཕེལ་ཏེ་གྲྭ་ཇའི་ཚོགས་རྒྱས་སྐབས་དགེ་འདུན་པ་རྣམས་འདུ་ཁང་དུ་མ་ཤོང་བར་ཆོས་རྭའི་ནང་བཞུགས་དགོས་པ་དང་།གཞན་ཡང་༧གོང་ས་མཆོག་གྲྭ་ཚང་དུ་ཕེབས་སྐབས་ཤིག་ལ་འདུ་ཁང་ཆུང་སྐྱོན་གྱི་བཀའ་ཕེབས་བཞིན་འདུ་ཁང་་རྙིང་པ་རྒྱ་བསྐྱེད་དམ་གསར་བཞེང་གང་ལེགསཀྱི་ཐུགས་བརྟག་ཕུལ་བར་གཙུག་ལག་ཁང་གསར་བཞེངས་ལེགས་པའི་བཀའ་གསུང་སྤྱི་བོར་ཕེབས།ཕྱི་ལོ་(༢༠༠༥)ལོར་ཨར་ལས་ཚོགས་ཆུང་བསྐོ་བཞག་གིས་འདུ་ཁང་གསར་བཞེངས་དབུ་ཚུགས་ཏེ།ཕྱི་ལོ་(༢༠༠༧)ནང་འདིར་དགེ་འདུན་པ་ལྔ་སྟོང་ཙམ་ཤོང་བའི་གཙུག་ལག་ཁང་འདི་ཉིད་ལེགས་པར་གྲུབ་པ་ཡིན།ད་ལྟའི་ཆར་གྲྭ་ཚང་དུ་དགེ་འདུན་པ་སུམ་སྟོང་ལྷག་འཕེལ་བསྐྱེད་བྱུང་སྟེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱིས་དུས་འདའ་བཞིན་པ་ལགས་སོ།།

རྩོམ་ཡིག་གཞན།

མཆན་ 0