༢༠༡༧ ལོའི་དགེ་བསྐོས་གསར་པ་ཁྲི་སྟོན་དང་རྙིང་པར་གྲྭ་མང་ནས་བཀའ་དྲིན་མཚོན་བྱེད་དུ་ཁ་བཏགས་གཏོང་བ།

8/21/2017 LosellingMonastery མཆན་ 0 སྡེ་ཚན་ :

























དགེ་བསྐོས་བསྐོ་གཞག་གནང་སྟངས་ནི། དང་པོ་དབུ་མ་འཛིན་གྲྭ་ཡན་འདུ་ཁང་དུ་ཚོགས་འདུ་བསྡུ་སྐོང་གིས་འོས་འཕེན་ལམ་ནས་དགེ་བསྐོས་གསར་པའི་འོས་དམིགས་མཚན་གཞུང་གསར་པ་བཟོས་རྗེས། གྲྭ་མང་ཡོངས་ནས་སླར་ཡང་འོས་འཕེན་བྱས་པར་ཁང་རྒན་རྣམས་ཀྱིས་ཞིབ་བཤེར་དང་མང་རིམ་རྩེ་ཏོག་གིས་དགེ་བསྐོས་གསར་པ་བསྐོ་བཞག་བྱེད་པ་ཡིན། དགེ་བསྐོས་ཀྱི་ལོ་དུས་ནི་དུས་འགྱུར་བྱུང་རྗེས་མོན་གྷོ་སོགས་སུ་གནས་སྤོས་བྱས་ཏེ་ཆོས་སྒར་གསར་ཆགས་བྱེད་སྐབས་དགེ་བསྐོས་ཀྱི་ལོ་དུས་ལོ་གཉིས་རེ་དང་རིམ་བཞིན་འགྱུར་བ་ཕྱིན་ཏེ་དེང་སྐབས་ལོ་གཅིག་རིང་འགན་བཞེས་གནང་གི་ཡོད་ཅིང་།
དགེ་བསྐོས་བསྐོ་བཞག་གྲུབ་རྗེས་རང་ཁོངས་ཁང་ཚན་དང་། གྲྭ་ཚང་འདུ་ཁང་། བླ་སྤྱིའི་ཚོགས་ཁང་བཅས་ནས་མཛད་སྒོ་སྔར་སྲོལ་ལྟར་ཚུགས་ཀྱི་ཡོད། དགེ་བསྐོས་ཀྱི་མཛད་འགན་ནི། གཙོ་བོ་གྲྭ་ཚང་ངམ་དགོན་པ་སོ་སོའི་བཅའ་ཁྲིམས་བདག་པོ་ཡིན་པས་དགེ་འདུན་སྤྱི་བྱིངས་ཀྱི་སྒྲིག་འཛུགས་དང་། བློ་གཉེར་བ་རྣམས་ཚོགས་ཆོས་སོགས་ལ་ཕེབས་མིན་གྱི་ཞིབ་འཇུག་ནན་མོ་བྱེད་པའི་དགོན་པ་སོ་སོའི་ལས་སྣེ་དབང་ཆ་ཆེ་གྲས་ཀྱི་ཁོངས་སུ་གཏོགས་ཅིང་། བོད་ལ་ཡང་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གཉིས་ཡོད་པ་ལས་མི་བབ་དང་། སྒྲིགས་ལམ་ངེས་ཆ་ཆེ་བ། ཉེ་དགའ་ཕྱོགས་ལྷུང་བྲལ་བ། ངོ་དགའ་ཟོལ་སྦྱོར་སྒེར་དོན་སྤྱིར་ཁྱེར་དུ་མ་སོང་བ་སྒྲིག་གནོན་ངེས་པར་བྱེད་ཅིང་། ཁྲིམས་འགལ་ཆེ་ཆུང་ལ་གཞིག་པའི་ཐབས་ལ་མཁས་པ། ལོ་ཚོད་རན་པ་དང་། གཞུང་ལུགས་ཁག་དང་རིག་གནས་ཀྱི་གནས་ཚོད་ཀྱང་ངེས་ཅན་ཡོད་དགོས་པ་སོགས་ཁྱད་ཆོས་མང་དུ་དགོས་ཤིང་། གྲྭ་ཚང་གང་གི་དགེ་བསྐོས་ལོ་ན་རྒན་པ་དེ་ཚོགས་ཆེན་ཞལ་ངོ་རྒན་པར་འཇོག་ཅིང་། འདི་གར་གྲྭ་ཚང་སྒོ་བློ་གཉིས་ཀྱི་དགེ་བསྐོས་ནི་དགེ་བཤེས་ཡིན་པ་མ་ཟད་ཚོགས་ཆེན་ཞལ་ངོ་འཛིན་གྲྭ་རྒན་ཞོན་དབང་གིས་འཇོག་པར་མཆིས། སྐབས་བབ་ཀྱི་འགན་གཙོ་བོ་ནི་དགེ་འདུན་པའི་སྒྲིག་ལམ་ཀུན་སྤྱོད་ལ་སྟངས་འཛིན། གཞན་ཡང་སྐྱོར་བརྡ། ཁང་ཚན་སོ་སོའི་དམ་བཅའ། གྲྭ་ཚང་གི་ལུགས་གཉིས་ཀྱི་བྱེད་སྒོ་ཆེ་ཕྲ་མང་པོར་གཟིགས་ཞིབ་གནང་རྒྱུ་བཅས་ཡིན།

རྩོམ་ཡིག་གཞན།

མཆན་ 0